From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཆི་ལྟས་བརྟག་ཚུལ
|
Tibetan Definition
|
འཆི་ལྟས་བརྟག་ཚུལ་ལ། ལུས་ཀྱི་སྒོ་ནས་བརྟག་པ་དང་། ངག་གི་སྒོ་ནས་བརྟག་པ། ཡིད་ཀྱི་སྒོ་ནས་བརྟག་པ་དང་གསུམ་མོ། །དང་པོ་ནི། ཉིན་མོའམ་མཚན་མོ་གང་རུང་ལ། ཉི་ཟླ་ལ་རྒྱབ་བསྟན་ཏེ་རྐང་ལག་བགྲད་པའི་རང་གི་གྲིབ་མའི་སྙིང་ཁར་མིག་མི་འཛུམ་པར་ཟས་ཁམ་གཅིག་ཟ་བའི་ཡུན་ཙམ་བལྟས་ལ། དེའི་རྗེས་ནམ་མཁར་བལྟས་པས། གྲིབ་མའི་གཟུགས་བརྙན་ཆ་ཚང་བར་ཡོད་ན། རེ་ཞིག་འཆི་བའི་འཇིགས་པ་མེད། མགོ་མེད་ན་ཟླ་གཅིག་ནས་འཆི། ལག་པ་གཡས་ཆད་ན་བུ་དང་། གཡོན་པ་ཆད་ན་ཆུང་མ་དང་། བུ་དང་འབྲེལ་བའི་ཕ་ཚན་དང་། ཆུང་མ་དང་འབྲེལ་བའི་མ་ཚན་ཉེ་དུ་འཆིའོ། །ཡང་རྐང་མཐིལ་གཉིས། ལྟེ་བ། སྙིང་ཁ། མགྲིན་པ། མིག སྣ་རྣམས་ལ་ཕུར་པ་བཏབ་པ་ལྟ་བུའི་ཟུག་ཅིག་ཅར་བྱུང་ན་ཟླ་བ་གཅིག་ནས་འཆི། བཤང་གཅིག་དང་སྦྲིད་པ་དུས་མཉམ་དུ་བྱུང་བ་དང་། ཚེས་གཅིག་ལ་ཁུ་བ་ནག་པོར་བྱུང་བ་དང་། སྐྱེས་པ་ལ་རཀྟ་དང་། བུད་མེད་ལ་ཁུ་བ་བྱུང་བ་རྣམས་ཟླ་བ་གཅིག་ནས་འཆིའོ། །ཡང་ནམ་མཁའི་མེ་ཏོག་ཡལ་བ་ཞེས་བྱ་བ་མིག་འབྲས་བཙིར་བའི་འོད་ཟེར་མེད་པ་དང་། མཁའ་འགྲོའི་སྒྲ་ཡལ་བ་ཞེས་པ་རྣ་བའི་བུག་ག་བཀག་པའི་འུར་སྒྲ་མེད་པ་དང་། གནམ་སའི་འབྲེལ་ཐག་ཆད་པ་ཞེས་པ་མིག་གཉིས་ཀྱི་དབུས་སུ་ལག་པའི་མཁྲིག་པ་གཏད་པ་ལག་མགོ་ཆད་པར་སྣང་བ་རྣམས་ཟླ་བ་གཅིག་ནས་འཆི་བར་བཤད་དོ། །མི་གཡོ་བ་རྡོ་རྗེ་གཏུམ་པོའི་རྒྱུད་ལས། འཆི་ལྟས་བཤད་པ་ནི། རྐང་མཐིལ་ལྟེ་བར་འབུགས་བྱེད་ན། །ཞག་གསུམ་ནས་ནི་འཆི་བར་འགྱུར། །རྐང་པའི་མཐིལ་དུ་འབུགས་པ་དང་། །མིག་ཏུ་ཟུག་བྱུང་ཟླ་གསུམ་ནས། །རྐང་པའི་མཐིལ་དུ་འབུགས་པ་དང་། །སྣ་ཡི་ཟུག་རྔུས་ཟླ་གསུམ་ནས། །བཤང་བ་འཛག་པའི་དུས་སུ་ནི། །སྦྲིད་པ་མཉམ་བྱུང་ཟླ་བ་ན། །ཞེས་དང་། ཡང་རྒྱུད་དེ་ཉིད་ལས། ལྟེ་བ་དང་ལྟོ་བའི་ཟུག་རྔུ་ལོ་ནའོ། །མཛོད་སྤུའི་ཟུག་རྔུས་ཉི་མ་གཅིག་ནའོ། །ལྕེའི་རྩེ་མ་མཐོང་ན་ཟླ་བ་ཕྱེད་ནའོ། །སྣའི་རྩེ་མོ་ཟུག་རྔུས་ཟླ་བ་བཞི་ནའོ། །འཁྲིག་པའི་དུས་ཀྱི་སྦྲིད་པས་ཟླ་བ་ནའོ། །མཐེ་ཆུང་ཐམས་ཅད་མཉམ་དུ་ཟུག་རྔུར་གྱུར་ན་ཟླ་བ་ནའོ། །མཉམ་དུ་སྙིང་ཁ་དང་མགྲིན་པ་ཟུག་རྔུར་གྱུར་ན་ཕྱེད་པ་གསུམ་ནའོ། །མཉམ་དུ་ཏཱ་ལུ་ཀ་གསུམ་ཟུག་རྔུར་གྱུར་ཉི་མ་གསུམ་ནའོ། །རྣ་བའི་སྒྲ་ཡལ་ན་ཟླ་བ་གསུམ་ནའོ། །རྣ་བའི་རྩ་བ་དང་སྨིན་མའི་དབུས་དང་། མགོ་བོའི་དང་པོ་རྣམས་སུ་ཟུག་རྔུར་གྱུར་ན་ཉི་མ་གཅིག་ནའོ། །རྐང་མཐིལ་ནས་བརྩམས་ཏེ་ལྟེ་བའི་བར་ཟུག་རྔུར་གྱུར་ན་ཟླ་བ་དྲུག་ནའོ། །སྣ་རྩེའི་ཤ་ཞུམ་ན་ཞག་བདུན་ནའོ། །སེན་མོ་ལ་ཁྲག་མ་ཐོན་ན་ཟླ་བ་དྲུག་ནའོ། །སོ་སྐམས་ན་ཟླ་བ་དྲུག་ནའོ། །ཨ་རུ་ཎ་མ་མཐོང་ན་ཟླ་བ་དྲུག་ནའོ། །གྲང་མོ་ལ་སོགས་པའི་དུས་ཕྱིན་ཅི་ལོག་པ་ལས་ཐམས་ཅད་བུག་པར་མཐོང་ན་ཟླ་བ་ཕྱེད་ནའོ། །ཧས་བཏབ་ན་གྲང་བ་དང་། ཕུས་བཏབ་ན་དྲོ་བར་གྱུར་ན་ཉི་མ་བཅུ་ནའོ། །མིང་མེད་ཀྱི་རྩ་བ་རི་མོ་ནག་པོ་མཐོང་ན་ཉི་མ་བཅོ་བརྒྱད་ནའོ། །ལུས་མཉེས་པས་སྒྲ་ཐོས་པ་དང་། ལུས་ཐམས་ཅད་ལས་རླུང་ཉིད་ཀྱང་ཉི་མ་བཅུ་ནའོ། །ཁྲུས་བྱས་པ་ཙམ་གྱིས་རྐང་པ་སྙིང་ཁ་བསྐམས་ན། ཏ་དྷི་ན་མ་ལུས་ལ་དྲི་ངན་བྱུང་ན་ཞག་གསུམ་ནའོ། །ལུས་སྟཿཉི་མ་གཅིག་ནའོ། །དྲི་ཆུ་གཡོན་དུ་འཁོར་ན་ཟླ་བ་དྲུག་ནའོ། །ལྟེ་བ་ཕྱིན་ཅི་ལོག་ན་ཉི་མ་ལྔ་ནའོ། །སྣའི་རྩེ་མོ་མ་མཐོང་ན་ཟླ་བ་ལྔ་ནའོ། །མིག་བཙིར་བས་འོད་མ་མཐོང་ན་ཉི་མ་བརྒྱད་ནའོ། །རྣ་བའི་དྷནྱ་མ་ཐོས་ན་ལོ་གཅིག་ནའོ། །ཕ་རོལ་གྱི་མིག་ལ་རང་གི་གཟུགས་བརྙན་མ་མཐོང་ན་ཟླ་བ་ཕྱེད་ནའོ། །དེ་ཉིད་ཤེས་ཕྱིན་འཆི་བླུ་དང་། །འཇིག་རྟེན་ཕ་རོལ་བསམ་པར་བྱ། །ཞེས་པ་རྣམས་རྒྱུད་དེ་ཉིད་ལས་སོ། །གཉིས་པ་ངག་གི་སྒོ་ནས་བརྟག་པ་ནི། ངག་རླུང་ལ་བཤད་པས་ངག་འབྱུང་བའི་གནས་མགྲིན་པ་ཡིན་པ་ལྟར། རླུང་ཡང་མགྲིན་པ་ནས་འབྱུང་བས་ངག་ཀྱང་རླུང་སྟེ། རྒྱུད་སྡོམ་འབྱུང་ནས་གསུངས་པའི་དོན་ནི། ཧོར་ཟླ་བཅུ་གཅིག་པ་མགོའི་ཟླ་བའི་ཚེས་གཅིག་ནས་ཞག་ལྔ་དང་། བཞི་དང་། གསུམ་གྱི་བར་དུ་སྣ་བུག་གཡས་ཁོ་ན་ནས་རླུང་རྒྱུ་ན་ལོ་བཅོ་བརྒྱད་དང་བཅུ་དང་ཉི་ཤུ་ནས་རིམ་པ་བཞིན་འཆི། ཧོར་ཟླ་དགུ་པ་ཐ་སྐར་གྱི་ཟླ་བའི་ཚེ་གཅིག་ནས་ལྔ་དང་།་བཞི་དང་། གསུམ་གྱི་བར་སྣ་བུག་གཡས་ནས་རྒྱུ་ན་རིམ་བཞིན་ལོ་བཅོ་ལྔ་བཅུ་དྲུག་བཅུ་བདུན་ནས་འཆི། ཧོར་ཟླ་བདུན་པ་གྲོ་བཞིན་གྱི་ཟླ་བའི་ཚེས་གཅིག་ནས་ལྔ་དང་བཞི་དང་གསུམ་གྱི་བར་དུ་གཡས་ཁོ་ན་ནས་རྒྱུ་ན་ལོ་བཅུ་གཉིས་དང་བཅུ་གསུམ་དང་བཅུ་བཞི་ནས་རིམ་བཞིན་འཆི། ཧོར་ཟླ་ལྔ་པའི་སྣྲོན་གྱི་ཟླ་བའི་ཚེས་གཅིག་ནས་ལྔ་དང་བཞི་དང་གསུམ་གྱི་བར་དུ་གཡས་ཁོ་ན་ནས་རྒྱུ་ན་ལོ་དགུ་དང་བཅུ་དང་བཅུ་གཅིག་ནས་རིམ་པ་བཞིན་འཆི། ཧོར་ཟླ་གསུམ་པའི་ནག་པའི་ཟླ་བའི་ཚེས་གཅིག་ནས་ལྔ་དང་བཞི་དང་གསུམ་གྱི་བར་དུ་གཡས་ཁོ་ན་ནས་རྒྱུ་ན་ལོ་དྲུག་དང་བདུན་དང་བརྒྱད་ནས་རིམ་པ་བཞིན་འཆི། ཧོར་ཟླ་དང་པོ་མཆུ་ཟླ་བའི་ཚེས་གཅིག་ནས་ལྔ་དང་བཞི་དང་གསུམ་གྱི་བར་དུ་གཡས་ཁོ་ན་ནས་རྒྱུ་ན་ལོ་གསུམ་དང་བཞི་དང་ལྔ་ནས་རིམ་བཞིན་འཆིའོ། །ཡང་ཧོར་ཟླ་དང་པོའི་ཚེས་གཅིག་ནས་དྲུག་དང་བདུན་གྱི་བར་དུ་གཡས་ཁོ་ན་ནས་རྒྱུ་ན་ལོ་གཉིས་དང་གཅིག་ནས་རིམ་བཞིན་འཆིའོ། །སྣ་བུག་གཉིས་ཁ་དང་གསུམ་ག་ནས་དྲག་ཏུ་རྒྱུ་ན་དེའི་ཉིན་འཆིའོ། །ཞག་བཅུའི་བར་དུ་སྣ་བུག་གཉིས་ཀ་ནས་དྲག་ཏུ་རྒྱུ་ན་སྣ་བུག་གང་རུང་གཅིག་ཏུ་འཕོས་མ་ཐག་འཆིའོ། །ཟླ་བ་བྱུང་ངོ་ཅོག་གི་ཚེས་གཅིག་དང་གཉིས་དང་གསུམ་ལ་སྐྱ་རེངས་ཐ་མ་ཤར་ནས་ཐུན་ཕྱེད་པ་རེ་སྣ་བུག་གཡོན་ནས་རྒྱུ་བ་ཡིན་ལ། བཞི་དང་ལྔ་དང་དྲུག་གི་བར་དུ་སྐྱ་རེངས་ཐ་མ་ཤར་ནས་ཐུན་ཕྱེད་པ་རེ་གཡས་ནས་རྒྱུ། དེ་བཞིན་དུ་ཞག་གསུམ་གསུམ་གྱི་བར་དུ་གཡོན་དང་གཡས་རེ་མོས་བྱས་རྒྱུ་བ་ཡིན་པ་ལ། རླུང་ལྟས་གོ་ལོག་ནས་གཡོན་ནས་རྒྱུ་དུས་གཡས་དང་གཡས་ནས་རྒྱུ་དུས་གཡོན་ནས་ཞག་དྲུག་གི་བར་དུ་རྒྱུ་ན་འཐབ་རྩོད་འོང་། ཟླ་ཕྱེད་བར་དུ་རྒྱུ་ན་རང་ལ་ན་ཚ་དང་། ཟླ་བ་གཅིག་གི་བར་དུ་རྒྱུ་ན་ཉེ་དུ་བརླག་པར་འགྱུར། ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུ་རྒྱུ་ན་རང་ཉིད་ཟླ་གཅིག་ནས་འཆིའོ། །སྐབས་འདིར་རླུང་ལྟས་ལ་བརྟེན་ནས་དགེ་མི་དགེའི་མཚན་མ་ཞིབ་པར་ཡོད་ནའང་འདིར་འཆི་ལྟས་བརྟག་པའི་སྐབས་ཡིན་པས་དེ་ཙམ་ཞིག་སྨོས་སོ། །གསུམ་པ་ཡིད་ཀྱི་སྒོ་ནས་བརྟག་པ་ནི། སེམས་རྒྱུད་འགྱུར་ནས་འོང་བ་ཡིན་ཏེ། སྔར་གྱི་གནས་ཁང་དང་། ས་ཕྱོགས་སུ་སྡོད་སྙིང་མི་འདོད། སྐྱོ་ནས་གཞན་དུ་འགྲོ་འདོད་པ་དང་། སྔར་ཞིབ་པོ་ཡོད་པ་རྩིང་དུ་སོང་བ་དང་། རྩིང་པོ་ཡོད་པ་ཞིབ་པོར་སོང་བ་དང་། སྤྲོ་རིང་པོ་ཐུང་དུ་སོང་བ་དང་ཐུང་བ་རིང་དུ་སོང་བ་རྣམས་ཀྱང་འཆི་ལྟས་ཡིན་ལ། རྨི་ལམ་གི་སྒོ་ནས་བརྟག་ཐབས་སུ་འདུ་བས། རྨི་ལམ་དུ་རྒྱ་སྐྱེགས་ཀྱི་རི་དང་ཐལ་བའི་རི་དང་མཆོད་རྟེན་ལ་འཛེག་པ་རྨི་བ་དང་། རྔ་མོ་ལ་ཞོན་ནས་ཁ་ལྷོ་དང་། བོང་བུ་ལ་ཞོན་ནས་ཤར་དང་། སྤྲེའུ་ལ་ཞོན་ནས་བྱང་དུ་ཁ་བལྟས་ཏེ་འགྲོ་བ་དང་། སྔར་འགྲོ་མ་མྱོང་བའི་ཡུལ་དུ་ཕྱི་མིག་མི་ལྟ་བར་འགྲོ་ན་ལོ་གཅིག་ནས་འཆི། གོས་དམར་པོ་གྱོན་པ་དང་། མེ་ཏོག་དམར་པོ་འཐུ་བ་དང་། དེའི་ཐང་ལ་འགྲོ་བ་དང་། ཐོད་འཆིང་བ་རྣམས་རྨི་ན་ཟླ་བ་དྲུག་ནས་འཆིའོ། །བུད་མེད་ནག་མོས་རྒྱུ་ལྟོ་ཕྲལ་བ་རྨི་ན་ལོ་གཅིག་ནས་འཆིའོ། །གཞན་ཡང་དུར་དུ་སྦེད་པ་དང་སྐེ་ཞགས་པས་བཅིང་སྟེ་མུན་པ་དང་བཅས་པའི་ཐུར་དུ་མི་ནག་པོས་ཁྲིད་པར་རྨི་བ་སོགས་དང་། དོན་སྙིང་བཏོན་པ་སོགས་རྨི་བ་རྣམས་ཀྱང་འཆི་ལྟས་སུ་བཤད་དོ། །ལུས་ཀྱི་སྒོ་ནས་ཚེ་གཟུགས་བརྟག་པ་དང་། ངག་གི་རླུང་ལྟས་རྣམས་ནི། ངེས་པའི་འཆི་ལྟས་སུ་བཤད་ལ། དེ་ལས་གཞན་པ་རྣམས་མ་ངེས་པའི་འཆི་ལྟས་སུ་བཤད་པས་བཟློག་ཐབས་ཡོད་པར་བཤད་ཅིང་། དེའི་ཚུལ་རྒྱལ་དབང་དགེ་འདུན་གྲུབ་པའི་འཆི་ལྟས་བརྟག་པ་ལས་རྒྱས་པར་བཤད་ཡོད་དོ། །ཀློང་རྡོལ་བླ་མ་གསུང་འབུམ་དུའང་འཆི་ལྟས་བརྟག་ཐབས་མདོར་བསྡུས་ཤིག་བཤད་ཡོད་དོ། །
|