From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཇམ་དབྱངས་དགའ་བློ
|
Tibetan Definition
|
ཁོང་ལ་འཇམ་དབྱངས་ལེགས་པ་ཆོས་འབྱོར་ཡང་ཞུ། འབྲས་སྤུངས་བློ་གསལ་གླིང་དུ་སྐྱེས་བུ་དམ་པ་རིམ་པར་བྱོན་པའི་ཐོག་མ་དེ་ཡིན་འདུག ས་བྱ་ལ་ཚལ་དུ་སྐུ་འཁྲུངས། གུང་རུ་ཆོས་བློ་དང་སློབ་དཔོན་དཔལ་བློ་བ་ལ་ཕར་ཚད་གསན། སློབ་དཔོན་གནས་བརྟན་པ་ལ་འདུལ་མངོན་དང་། བ་སོ་ཆོས་རྗེ་དང་། པཎ་ཆེན་པ་ལ་གསང་སྔགས་རྣམས་གསན་ཅིང་མཁས་པ་ཆེན་པོར་གྱུར། དགུང་ལོ་ཉི་ཤུ་རྩ་ལྔ་པ་ལ་གསང་ཕུ་ར་བ་སྨད་པའི་འཆད་ཉན་མཛད། དེ་ནས་མདོ་ཁམས་སུ་ཕེབས་ནས་རིང་དུ་མ་བཞུགས་པར་སླར་དབུས་སུ་བྱོན་ནས་བློ་གསལ་གླིང་པའི་འཆད་ཉན་ལོ་ཉི་ཤུ་ལྷག་ཙམ་མཛད། དགུང་ལོ་རེ་ལྔ་པ་ཆུ་གླང་ལ་འབྲས་སྤུངས་ཀྱི་ཁྲིར་ཕེབས། གཞུང་ལུགས་ཆེན་མོའི་བཤད་པ་གཙོ་བོར་མཛད། ཡིག་འཇོག་ཀྱང་ཆུང་ཆུང་རེ་མང་དང་། གོ་ལན་དང་ཀར་ལན་སོགས་མཛད། ཞལ་སློབ་ཀྱང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། དགའ་ལྡན་ཆོས་རྗེ་ཆོས་ཀྱི་བཤེས་གཉེན་སོགས་སློབ་མ་ཤིན་ཏུ་མང་། སྣེའུ་ནས་སྦྱིན་བདག་མཛད་དེ། འབྲས་སྤུངས་བྱམས་ཆེན་གྱི་སྐུ་བཞེངས་པ་སོགས་བྱ་བ་ཆེར་མཛད། དགུང་ལོ་དོན་ལྔ་པ་ཆུ་ཕག་ཟླ་བ་དང་པོའི་ཚེས་བརྒྱད་ལ་ཆོས་དབྱིངས་སུ་གཤེགས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་དུ་གསལ་བ་ལྟར་རོ། །
|