From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཇའ་ལུས་རྡོ་རྗེའི་སྐུ
|
Tibetan Definition
|
དག་པའི་སྒྱུ་ལུས་ལ་ཟེར། རྗེའི་དབང་དོན་དེ་ཉིད་རབ་གསལ་ལས། གང་གི་ཚེ་ལྷན་ཅིག་སྐྱེས་པའི་བདེ་བ་དང་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་སྟོང་པ་གཉིས་རོ་གཅིག་ཏུ་ཞུགས་པའི་འོད་གསལ་ཐོབ་པ་ལས། ལུགས་བཟློག་ཏུ་ཞུགས་པའི་ཚེ་སྣང་བ་གསུམ་གྱི་ཡེ་ཤེས་དང༌། དེའི་བཞོན་པའི་རླུང་འོད་ཟེར་ལྔ་ཙམ་ལས་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་པ་དེའི་ཚེ། ལུས་དེ་ཉིད་དུ་གནས་བཞིན་པའི་ངང་ནས་སེམས་འོད་གསལ་ལ་ཞུགས་པ་གཉིས་དུས་མཉམ་དུ་འབྱུང་ཞིང༌། དེ་གཉིས་ཀྱང་ངོ་བོ་དབྱེར་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པས་ཟུང་འཇུག་གི་གོ་འཕང་ཞེས་བྱ་སྟེ། དེ་ལ་ཡང་སློབ་པ་དང་མི་སློབ་པའི་ཟུང་འཇུག་གཉིས་ཡོད་དོ། །ཞེས་གསུངས། ཀློང་རྡོལ་བླ་མའི་གསུང་འབུམ་ལས་ཀྱང་། རིམ་པ་བཞི་པའི་དོན་གྱི་འོད་གསལ་དེ་ལས་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ། དག་པའི་སྒྱུ་མའི་སྐུ་ཐོབ་པ། ཉོན་སྒྲིབ་སྤངས་པའི་སྤངས་པ་ཟུང་འཇུག་ཐོབ་པ། ཉོན་སྒྲིབ་ཟད་པར་སྤངས་པའི་རྣམ་གྲོལ་ལམ་ཐོབ་པ། གང་ཟག་དེ་དགྲ་བཅོམ་པར་གྱུར་པ། ནམ་མཁའ་ཇི་སྲིད་བར་དུ་གནས་པའི་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་པ་དྲུག་དུས་མཉམ་མོ། །ཞེས་གསུངས། འདི་ལ་རླུང་སེམས་ཙམ་ལས་བསྒྲུབས་པའི་སྒྱུ་མ་ལྟ་བུའི་ལྷའི་སྐུ་ཞེས་ཀྱང་བྱ་བར། རྗེའི་གསུང་ཟིན་བྲིས་རྫོགས་རིམ་དཔྱིད་ཀྱི་ཐིག་ལེ་ལས་གསུངས་ཤིང་། མཁས་གྲུབ་ཆོས་རྗེའི་གསང་འདུས་ཡིག་ཆུང་ཉེར་གཅིག་ལས་ཀྱང་། རྫོགས་རིམ་གྱི་སྐབས་སུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་བསྡུས་ནས་གཉིས་སྣང་དང་བྲལ་བའི་འོད་གསལ་ལ་མཉམ་པར་བཞག་པའི་རྗེས་སུ་དེ་ལས་ལངས་མ་ཐག་ཁོ་ནར་འཇའ་ལུས་ལས་གྲུབ་པའི་ལྷ་སྐུར་ལྡང་བ་ཡིན་ལ། དེ་ནི་འབྲས་དུས་ཀྱི་གཟུགས་སྐུ་གཉིས་ཀྱི་ཉེར་ལེན་གྱི་རྒྱུ་བྱེད་དོ། །ཞེས་གསུངས་སོ། །སྒྱུ་ལུས་དང་ཡེ་ཤེས་ཀྱི་སྐུ་གཉིས་དོན་གཅིག་ཡིན། འཇའ་ལུས་ཀྱི་སྐུ་ནི་སྐྱེ་རྒ་ན་འཆིའི་སྐྱོན་དང་བྲལ་བའི་སྐུ་ཞིག་ཡིན་ཏེ། ཏཱ་ར་ནཱ་ཐའི་ཆོས་འབྱུང་༡༥༥ལས། སྔ་མ་ནི་འཇའ་ལུས་སུ་གྱུར་ན་འཆི་བ་མེད་པ་ཡིན་པས་ལོ་སུམ་བརྒྱས་ཆར་ཡང་མི་བཟོད། རྣམ་སྨིན་རགས་པའི་སྐུ་ལུས་ཀྱིས་མིའི་ཡུལ་དུ་དེ་ལྟར་བཞུགས་པར་འདོད་ན་ནི་མི་འཐད་པར་མངོན་ནོ། །ཞེས་གསུངས་པ་ལྟ་བུའོ། །
|