8091

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིགས་བྱེད་ནག་པོ
Tibetan Definition འཇིག་རྟེན་པའི་ལྷ་ཕྱོགས་སྐྱོང་བཅུའི་ནང་གི་ལྷ་དབང་ཕྱུག་གདོང་གཅིག་པ་ལག་གཡས་ཌཱ་མ་རུ་དང་། གཡོན་རལ་གྲི་འཛིན་པ་དེའི་མིང་། དབང་ལྡན་གྱི་དབང་ཕྱུག་ཆེན་པོ་གླང་ལ་ཆིབས་ཤིང་། རྩེ་གསུམ་ཐོགས་པ་དེ་ལ། ཞི་རྒྱས་དབང་དྲག་གི་རྣམ་འཕྲུལ་བཞི་ཡོད་པ་འདི་ལྟར། དྲག་པོ་འཇིགས་བྱེད་ནག་པོ། ཆུང་མ་དུས་མཚན་མ་དམར་མོ་དང་ལྡན་པ་དེ་ལ་ཟེར། རྗེའི་བདེ་མཆོག་འགྲེལ་པ་འདོད་འཇོ་ལས། རྟག་མཐའ་འཁོར་བ་མཚོན་པའི་འཇིགས་བྱེད་ཆེན་པོ་སྟེ་དབང་ཕྱུག་དང༌། ཆད་པའི་རྟོག་པ་སྟེ་ཆད་མཐའ་ཞི་བ་ཕྱོགས་གཅིག་པའི་མྱང་འདས་མཚོན་པའི་དུས་མཚན་མ་སྟེ་ལྷ་མོ་ཨུ་མ་མནན་པའོ། །དབང་ཕྱུག་ནི་ནག་པོ་ལག་པ་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཌཱ་མ་རུ་དང་རལ་གྲི་འཛིན་པ་དང༌། ཨུ་མ་ནི་དམར་མོ་ལག་པ་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །གཉིས་ཀའང་གདོང་གཅིག་པ། མིག་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པར་ཁྱད་པར་གསལ་བྱེད་ལས་བཤད་དོ། །ཞེས་གསུངས་སོ། །འདི་ནཱ་རོ་མཁའ་སྤྱོད་མའི་ཞབས་གནོན་དུ་ཡོད་པའི་འཇིགས་བྱེད་ནག་པོ་ཞེས་པ་དེ་ཡིན། ཞི་བ་ལྷ་བརྒྱ་བྱིན་དཀར་པོ། ཆུང་མ་གོ་རི། རྒྱས་པའི་ལྷ་ཚངས་པ་སེར་པོ། ཆུང་མ་རལ་གཅིག་མ། དབང་གི་ལྷ་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དགའ་རབ་དབང་ཕྱུག དེའི་ཆུང་མ་དམར་པོ་བཅས་སོ། །བཀའ་བརྒྱུད་པའི་མཁས་གྲུབ་ཆེན་པོ་ཀུན་མཁྱེན་པདྨ་དཀར་པོའི་༼ གནས་ཆེན་ཙ་རི་ཏྲའི་ངོ་མཚར་སྣང་བ་པད་དཀར་ལེགས་བཤད་ཅེས་བྱ་བ ༽ལས། དྲག་པོ་འཇིགས་བྱེད་དང་། དུས་མཚན་མ་ཁྱོ་ཤུག་མིང་གཞན་ལྷ་དབང་ཕྱུག་ཆེན་པོ་དང་། ལྷ་མོ་ཆེན་མོ་ཨུ་མ་གངས་ཏེ་སེ་ན་ཕོ་བྲང་བཅས་པ། ཞེས་གསུངས།