813

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉུག་མའི་ལུས
Tibetan Definition ཤིན་ཏུ་ཕྲ་བའི་སེམས་ཀྱི་བཞོན་པར་གྱུར་པའི་རླུང་ཕྲ་མོ། དེ་ལ་ཤིན་ཏུ་ཕྲ་བའི་ལུས་ཞེས་ཀྱང་བྱ། ཤིན་ཏུ་ཕྲ་བའི་ལུས་ནི། སྤྱིར་སྟོང་པ་བཞིའི་གཞོན་པའི་རླུང་དང༌། ཁྱད་པར་དུ་ཐམས་ཅད་སྟོང་པ་འོད་གསལ་གྱི་བཞོན་པའི་རླུང་ལྟ་བུ་ལ་ཟེར་རོ། །ཇི་སྲིད་དུ་ལུས་རགས་པ་གཡོ་འགུལ་སོགས་ཀྱི་བྱ་བ་བྱེད་པ་དེ་སྲིད་དུ་གཉུག་མའི་ལུས་ཀྱིས་བྱ་བ་མི་བྱེད་ཅིང་། ལུས་དེ་བཞིན་ལག་གི་རྣམ་པར་ལྡང་མི་ནུས། ལུས་ཏེ་རླུང་རགས་པ་མ་ལུས་པ་སྙིང་གའི་མི་ཤིགས་པ་ལ་ཐིམ་པའི་སྟོབས་ཀྱིས་ལུས་རགས་པ་གཡོ་འགུལ་སོགས་ཀྱི་བྱ་བ་བྱེད་པ་རྒྱུད་ཆད་པའི་ཚེ་གཉུག་མའི་ལུས་དེ་བཞིན་ལག་གི་རྣམ་པར་ལངས་ཏེ་འགྲོ་འོང་སོགས་ཀྱི་བྱ་བ་བྱེད་དོ། །སྔགས་ལུགས་ལ། གཉུག་ལུས་འདི་གཟུགས་སྐུའི་ཉེར་ལེན་དུ། རྗེའི་རིམ་ལྔ་གསལ་སྒྲོན་ལས་གསུངས་ཏེ། གཞི་དུས་ཀྱི་སེམས་ཅན་གྱི་ལུས་ལ་གནས་སྐབས་པ་རགས་པའི་ལུས་ཅིག་དང༌། རླུང་སེམས་ཙམ་ལས་གྲུབ་པའི་གཉུག་མའི་ལུས་གཉིས་ཡོད་པར་ནི་འོག་ཏུ་སྒྲུབ་ལ། དེའི་ཚེ་ཡེ་ཤེས་ཆོས་སྐུའི་ཉེར་ལེན་གཉུག་མ་ལྷན་ཅིག་སྐྱེས་པའི་སེམས་ཡིན་པར་འདོད་པ་དེ་བཞིན་དུ་རླུང་སེམས་ཙམ་ལས་གྲུབ་པའི་གཉུག་མའི་ལུས་ཀྱི་ཉེར་ལེན་ལས་ཀྱང་གཟུགས་ཀྱི་སྐུ་སྒྲུབ་དགོས་པ་རྣམ་པ་ཐམས་ཅད་དུ་མཚུངས་པ་ཡིན་ཏེ་འཆད་པར་འགྱུར་རོ། །ཞེས་གསུངས། རྗེའི་རིམ་ལྔ་གསལ་སྒྲོན་ལས། ལུས་རགས་པ་ནི་དང་པོ་མངལ་དུ་ཉིང་མཚམས་སྦྱར་བ་ལ་སོགས་པའི་སྐབས་སུ་མ་སྐྱེས་ཀྱང༌། སེམས་ཅན་གྱི་ལུས་མེད་པ་མིན་ལ། དེ་བཞིན་དུ་ཤི་བའི་ཚེ་འབྱུང་ལུས་རགས་པ་དོར་ཡང༌། སེམས་ཅན་གྱི་ལུས་མི་ལྡོག་པས་གཉུག་མའི་ལུས་མིན་ཏེ། ཆུ་ལ་ཚ་བ་བཞིན་ནོ། །རླུང་སེམས་ཀྱི་ལུས་ནི། གནས་སྐབས་དེ་རྣམས་ཐམས་ཅད་དུ་ཡང་མི་ལྡོག་པས་གཉུག་མའི་ལུས་ཏེ། ཆུ་ལ་གཤེར་བ་བཞིན་ནོ། །ད་ལྟ་གཟུགས་ལུས་རགས་པའི་སྐབས་སུ་ཡང་གཉུག་མའི་ལུས་ནི་རླུང་སེམས་ཙམ་ཞིག་གི་ལུས་ཡིན་པས། ལུས་རགས་པ་ནི་དེའི་གནས་ཁང་དང་འདྲའོ། །དེ་ལྟར་གསུངས་པ་ལ་དགོས་པ་གཞན་ཡང་ཡོད་མོད་ཀྱང༌། གཙོ་བོ་ནི་སྒྱུ་མའི་ལྷ་སྐུ་གང་ལས་སྒྲུབ་པའི་གཞི་གཉུག་མའི་ལུས་ངོས་འཛིན་པའི་ཕྱིར་ཡིན་ནོ། །དེའི་སེམས་ནི་དབང་ཤེས་མིན་གྱི། ཡིད་ཀྱི་རྣམ་ཤེས་ཙམ་ཞིག་དང༌། རླུང་ཡང༌། རྩ་བའི་རླུང་གཞན་བཞི་དང༌། ཡན་ལག་གི་རླུང་ལྔ་མིན་གྱི། སྲོག་འཛིན་དང༌། དེ་ལ་ཡང་ཕྲ་རགས་གཉིས་ལས་ཕྲ་བའོ། །ཞེས་གསུངས་སོ། །སྒྲ་བཤད་ནི། གདོད་མ་ནས་རང་དང་རང་ཆས་སུ་གྲུབ་པའི་ལུས་ཡིན་པས་དེ་སྐད་ཅེས་བྱའོ། །