818

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉུག་སེམས་ཕྲ་མོ
Tibetan Definition དྲི་མ་དང་བཅས་པའི་ཚེ་ཡང་དྲི་མའི་རང་བཞིན་དུ་མ་སྐྱེས་ཤིང༌། དྲི་མ་དང་འབྲལ་རུང་དུ་གནས་ལ། འཆི་བ་འོད་གསལ་གྱི་དུས་སུ་མངོན་དུ་འགྱུར་བའི་ཤིན་ཏུ་ཕྲ་བའི་སེམས་ཤིག དཔེར་ན་གསེར་བཟང་པོ་ནི་གཡའ་དང་བཅས་པའི་ཚེ་ཡང་རང་གི་ངོ་བོ་གཡའ་དང་མ་འདྲེས་ཤིང་དེ་དང་འབྲལ་རུང་དུ་གནས་པ་དང༌། ཆུ་ནི་རྙོག་པ་དང་བཅས་ནའང་དེ་དང་འབྲལ་རུང་དུ་གནས་པ་བཞིན་ནོ། །གཉུག་སེམས་ཕྲ་མོ་འདི་སྔགས་ཀྱི་རྣལ་འབྱོར་པ་མ་གཏོགས་སོ་སྐྱེ་ཐ་མལ་པ་རྣམས་ལ་འཆི་བ་འོད་གསལ་གྱི་གནས་སྐབས་སུ་མ་གཏོགས་མངོན་དུ་མི་འགྱུར་ཞིང་། ཇི་སྲིད་དུ་སེམས་རགས་པས་དམིགས་རྣམ་འཛིན་པའི་བྱ་བ་བྱེད་པ་དེ་སྲིད་དུ་སེམས་ཕྲ་བས་དམིགས་རྣམ་མི་འཛིན་ལ། སེམས་ཕྲ་བས་དམིགས་རྣམ་འཛིན་པའི་བྱ་བ་བྱེད་པའི་ཚེ་སེམས་རགས་པ་འགགས་ནས་མེད་པར། མཁས་གྲུབ་ཆོས་རྗེའི་གསུང་ཟིན་བྲིས་ལས་གསུངས་སོ། །འདི་ལ་གཞལ་བྱ་མེད་པའི་ཤེས་པ་ཡོད་མེད་ལ་དོགས་གཅོད་བྱ་དགོས་པའང་ཡོད་པར་བཤད་དོ། །གཉུག་སེམས་ཕྲ་མོ་འདི། ཡེ་ཤེས་ཆོས་སྐུའི་ཉེར་ལེན་ཡིན་པར། རྗེའི་རིམ་ལྔ་གསལ་སྒྲོན་ལས་གསུངས་ཏེ། གཞི་དུས་ཀྱི་སེམས་ཅན་གྱི་ལུས་ལ་གནས་སྐབས་པ་རགས་པའི་ལུས་ཅིག་དང༌། རླུང་སེམས་ཙམ་ལས་གྲུབ་པའི་གཉུག་མའི་ལུས་གཉིས་ཡོད་པར་ནི་འོག་ཏུ་སྒྲུབ་ལ། དེའི་ཚེ་ཡེ་ཤེས་ཆོས་སྐུའི་ཉེར་ལེན་གཉུག་མ་ལྷན་ཅིག་སྐྱེས་པའི་སེམས་ཡིན་པར་འདོད་པ་དེ་བཞིན་དུ་རླུང་སེམས་ཙམ་ལས་གྲུབ་པའི་གཉུག་མའི་ལུས་ཀྱི་ཉེར་ལེན་ལས་ཀྱང་གཟུགས་ཀྱི་སྐུ་སྒྲུབ་དགོས་པ་རྣམ་པ་ཐམས་ཅད་དུ་མཚུངས་པ་ཡིན་ཏེ་འཆད་པར་འགྱུར་རོ། །ཞེས་གསུངས་སོ། །