8192

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུ་ཤེས
Tibetan Definition (ཕར་ཕྱིན) <སཾ་ཛྙ> ཡུལ་གྱི་ཁྱད་པར་རམ་སྤུ་རིས་རྣམས་མ་ནོར་བར་ལེགས་པར་སོ་སོར་ཕྱེ་ནས་འཛིན་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལ་མཚན་མར་འཛིན་པ་ཞེས་ཀྱང་བྱ་སྟེ། ཡུལ་གྱི་ཐུན་མོང་མ་ཡིན་པའི་མཚན་མའམ་ཁྱད་པར་མ་ནོར་བར་སོ་སོར་ཕྱེ་ནས་འཛིན་པས་ན་དེ་སྐད་ཅེས་བྱ་སྟེ། མཛོད་རྩ་བ་ལས། ཚོར་བ་མྱོང་བའོ་འདུ་ཤེས་ནི། །མཚན་མར་འཛིན་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །མཚན་མར་འཛིན་ཞེས་པ་ནི། ཁྱད་པར་འཛིན་ཞེས་པ་དང་དོན་གཅིག སྒྲ་བཤད་ནི། ཕྱིའི་དམིགས་རྐྱེན་དང་ནང་གི་དེ་མ་ཐག་རྐྱེན་ལ་སོགས་པའི་རྐྱེན་མང་པོའི་འདུ་བའམ་ཚོགས་པ་ལས་ཤེས་པ་འབྱུང་བས་ན་འདུ་ཤེས་ཞེས་བྱའོ། །སྒྲ་སྦྱོར་བམ་གཉིས་བསྟན་འགྱུར་༼ ཅོ་པ ༽༡༥༢ན་༥ལས། སཾཛྙ་སྐནྡྷ་ནི་ནི་མིཏྟ་ཛྙ་གྲ་ཞེས་བྱ་སྟེ། གཟུགས་ལ་སོགས་པ་དག་ལ་འདི་ནི་དཀར་པོའོ། །འདི་ནི་སྔོན་པོའོ། །འདི་ནི་བཟང་ངོ་། །འདི་ནི་ངན་ནོ་ཞེས་མཚན་མར་འཛིན་པའི་དམིགས་ཡུལ་དང་། དེ་མ་ཐག་པའི་རྐྱེན་ལ་སོགས་པའི་འདུ་བ་ལས་ཤེས་པ་འབྱུང་ཞིང་འདི་ཡིན་ནོ་སྙམ་དུ་མཚན་མར་འཛིན་པ་ལ་བྱ་བས་ན་སྙམ་ཤེས་ཞེས་སུ་ཡང་དྲང་དུ་རུང་གིས་ཀྱང་མིང་སྔར་བཏགས་པ་བཞིན་དུ་འདུ་ཤེས་སུ་བཏགས། ཞེས་གསུངས་སོ། །རྣམ་པ་གཅིག་ཏུ་ན་ལེགས་སྦྱར་གྱི་སཾ་ཛྙ་ཞེས་པ་བོད་ཀྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་འདུ་ཤེས་སུ་བསྒྱུར་མོད། འོན་ཀྱང་སཾ་ཞེས་པ་ལེགས་པ་དང་ཡང་དག་པའི་དོན་ལའང་འཇུག་པས། ཡུལ་གྱི་སྤུ་རིས་ལེགས་པར་རམ་ཡང་དག་པར་འབྱེད་པའི་ཤེས་པ་ཡིན་པས་ཡང་དག་ཤེས་ཞེས་བསྒྱུར་ཡོད་ན་གོ་བ་བླང་བདེ་བར་ཡོད་ཚོད་འདུག་གོ།