8251

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུལ་བ་ལུང་སྡེ་བཞི
Tibetan Definition (འདུལ་བ) སོ་སོར་ཐར་པའི་མདོའི་འགྲེལ་པ་བཞི་སྟེ། (སོ་སོར་ཐར་པའི་མདོ་འདི། འདུལ་བ་ལུང་སྡེ་བཞིའི་རྩ་བ་དང་དེ་དག་འདིའི་འགྲེལ་པ་ཡིན་ཚུལ་ནི། རྣམ་འབྱེད་འགྲེལ་༼ ཚུ ༽༧བ༥ལས། རྣམ་པར་འབྱེད་པ་དང་ཕྲན་ཚེགས་ལ་སོགས་པ་འདུལ་བ་འདི་དག་ཐམས་ཅད་ནི་སོ་སོར་ཐར་པ་དེའི་རྒྱ་ཆེར་རྣམ་པར་བཤད་པ་ཡིན་པར་གསུངས་པ་དེའི་ཕྱིར། ཞེས་གསུངས་སོ) ༡ ལུང་གཞི། (འདིའི་མིང་བྱང་ལ་འདུལ་བ་གཞི་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བིན་ཡ་བསྟུ་ཟེར) འདིས་རབ་བྱུང་གི་གཞི་ལ་སོགས་པ་ནས་གནས་མལ་གྱི་གཞིའི་བར་གཞི་བཅུ་བདུན་སྟོན། ༢ ལུང་རྣམ་འབྱེད། (འདིའི་མིང་བྱང་ལ་འདུལ་བ་རྣམ་པར་འབྱེད་པ་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བིན་ཡ་བིབྷང་ག་ཞེས་ཟེར) འདིས་དགེ་སློང་ཕ་མའི་བསླབ་ཁྲིམས་སྟོན་ཏེ། དགེ་སློང་ཕའི་རྣམ་འབྱེད་ཀྱིས་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྟོན། མའི་རྣམ་འབྱེད་ཀྱིས་དགེ་སློང་མས་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི་སྟོན། ༣ ལུང་ཕྲན་ཚེགས། (འདིའི་མིང་བྱང་ལ་འདུལ་བ་ཕྲན་ཚེགས་ཀྱི་གཞི་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བིན་ཡ་ཀྵུ་དྲ་ཀ་བསྟུ་ཟེར) འདི་ནི་དེ་རྣམས་ཀྱི་མ་ཚང་བ་ཁ་སྐོང་ལྟ་བུ་ཡིན། ཞེས་བུ་སྟོན་རིན་པོ་ཆེ་གསུང་བ་ལྟར་རོ། །༤ འདུལ་བ་གཞུང་བླ་མ། (འདིའི་མིང་བྱང་ལ་འདུལ་བ་གཞུང་བླ་མ་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བིན་ཡ་ཨུཏྟ་ར་གྲན་ཐ་ཟེར) གཞུང་ཕྱི་མ། གཞུང་དམ་པ། གཞུང་བླ་མ། ལུང་བླ་མ། ལུང་གཞུང་བླ་མ་ཡང་ཟེར། འདིས་ལུང་གཞི་དང་རྣམ་འབྱེད་ཀྱི་དོན་ཞུ་ལེན་གྱི་སྒོ་ནས་གཏན་ལ་ཕབ་ཅིང་། དེ་དག་གི་དོན་ཞིབ་ཏུ་འཆད་པས་དེ་དག་གི་འགྲེལ་པ་ལྟ་བུ་ཡིན་ནོ། །ཡང་མཁས་པ་གཞན་དག་གིས། ༡ ལུང་རྣམ་འབྱེད། (ལུང་རྣམ་འབྱེད་སོ་ཐར་གྱི་མདོའི་ཚིག་འགྲེལ་ལྟ་བུ) ༢ ལུང་གཞི། (འདི་མ་ཚང་བ་ཁ་སྐོང་ལྟ་བུ) ༣ ལུང་ཕྲན་ཚེགས། (ལུང་ཕྲན་ཚེགས་བསླབ་བྱ་ཕྲ་མོ་ཐམས་ཅད་རྒྱས་པར་སྟོན་པའི་སྒོ་ནས་སོ་ཐར་གྱི་མདོའི་སྤྱི་དོན་ལྟ་བུ) ༤ གཞུང་དམ་པའམ་ལུང་བླ་མ་ (གཞུང་དམ་པ་དཀའ་གནད་གཏན་ལ་འབེབས་པ་ལ་ཤིན་ཏུ་གཅེས་པ་ཡིན་པར་གསུངས་སོ) སྟེ་བཞིའོ། །ཞེས་ཀྱང་གསུངས་སོ། །འདུལ་བ་ལུང་སྡེ་བཞི་སངས་རྒྱས་ཀྱི་བཀའ་ཡིན་པ་ཡོངས་གྲགས་ཡིན་ཀྱང་། མཁས་པ་འགའ་རེས་བསྟན་བཅོས་ཡིན་པར་ཡང་བཤད་དེ། བུ་སྟོན་ཆོས་འབྱུང་ལས། ཁོ་བོའི་བླ་མ་ལུང་སྡེ་བཞི་དང་། མངོན་པར་འབྱུང་བའི་མདོ་བསྟན་བཅོས་སུ་བཞེད་པ་ནི་བཞེད་པ་ཙམ་དུ་ཟད་དོ། །ཞེས་མ་རངས་པའི་ཚིག་གསུངས་སོ། །ལུང་སྡེ་བཞིའི་གོ་རིམ་ལ་དཔྱད་པ་ལ། ལུང་སྡེ་གཞི་བཞིའི་དོན་གྱི་གོ་རིམ་ནི། དང་པོ་ལུང་གཞི། དེ་ནས་ལུང་རྣམ་འབྱེད། དེ་དག་གི་དཀའ་གནད་ལ་དྲི་བ་དྲིས་ལེན་གྱི་སྒོ་ནས་གཏན་ལ་འབེབས་པ་གཞུང་བླ་མ་དང་། དེ་དག་ཏུ་མ་ཚང་བ་ཁ་སྐོང་བ་ཕྲན་ཚེགས་བཅས་ཡིན་ནོ། །འོན་ཀྱང་ཀ་ཅོག་ལ་སོགས་པས་མཛད་པའི་མཚན་བྱང་དཀར་ཆགས་ལས། དང་པོ་ལུང་གཞི། དེ་ནས་རྣམ་འབྱེད། དེ་ནས་ཕྲན་ཚེགས། དེའི་རྗེས་སུ་ལུང་བླ་མ་ཉིད་བྲིས་ཤིང་། མཁས་པ་གཞན་རྣམས་ཀྱིས་ཀྱང་དེའི་རྗེས་སུ་འབྲངས་ནས་རིམ་པ་དེ་ལྟར་དུ་བྱས་སོ། །