826

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉེན་པོ་སྟོབས་བཞི
Tibetan Definition རྟེན་གྱི་སྟོབས། (སྐྱབས་སེམས་གཉིས) རྣམ་པར་སུན་འབྱིན་པའི་སྟོབས། (འགྱོད་སེམས) ཉེས་པ་ལས་སླར་ལྡོག་པའི་སྟོབས། (སྡོམ་སེམས) གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། (ལུས་ངག་ཡིད་གསུམ་གྱི་དགེ་སྦྱོར་ཐམས་ཅད་དོ) སྒྲ་བཤད་ནི། སྡིག་སྒྲིབ་འཇོམ་བྱེད་ཡིན་པས་ན་གཉེན་པོ། དེ་འཇོམ་པ་ལ་མཐུ་ཤིན་ཏུ་ཆེ་བས་ན་སྟོབས་ཞེས་བྱའོ། །འདུལ་བའི་སྐབས་སུ་རྟེན་གྱི་སྟོབས་ཞེས་པ་ཕྱིར་བཅོས་བྱེད་སའི་རང་ལས་བསླབ་པ་རྒན་པའི་དགེ་སློང་ལྟ་བུ་ལ་ཟེར་ཏེ། མཚོ་ཊཱིཀ་ལས། དེ་ཡང་གང་གི་མདུན་དུ་ཕྱིར་བཅོས་པའི་ཡུལ་དེ་རྟེན་གྱི་སྟོབས། འགྱོད་པ་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྡོམ་པ་སོར་ཆུད་པའི་སྟོབས། ཕྱིར་བཅོས་བྱེད་པ་ཉིད་དགེ་བ་ཡིན་པས་གཉེན་པོའི་སྟོབས་སོ། །ཞེས་གསུངས་པ་ལྟར་རོ། །སྟོབས་བཞི་སྟོབས་དང་ལྡན་པ་ཚང་ན་སྡིག་པ་ཅི་འདྲ་ཞིག་ཡིན་ཀྱང་འདག་པར་ངེས་ཏེ། མདོའི་ལུང་། ཀླུ་སྒྲུབ་ཀྱི་བཟང་སྤྱོད་ཀྱི་འགྲེལ་པ་༡༧༥ན་དྲངས་པ་ལས། སྡིག་པ་ཤིན་ཏུ་མི་ཟད་བྱས་པ་དག །བདག་ལ་རྣམ་པར་སྨོད་པས་སྲབ་པར་བྱེད། །རབ་ཏུ་བཤགས་དང་སྡོམ་པར་བྱེད་པས་ནི། །དེ་དག་རྩ་ནས་འབྱིན་པར་ངས་བཤད་དོ། །ཞེས་གསུངས་སོ། །