8268

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུས་བཟང
Tibetan Definition <སང་གྷ་བྷ་དྲ> སློབ་དཔོན་དབྱིག་གཉེན་གྱི་བླ་མའི་གཙོ་བོ་ཞིག འདི་ནི་ཁ་ཆེའམ་ཀསྨིར་ཡུལ་གྱི་རྒྱ་གར་གྱི་ནང་པའི་སློབ་དཔོན་མཁས་གྲགས་ཅན་ཞིག་ཡིན། ངེས་ཚིག་ནི། སང་གྷ་ནི་འདུས་པ་དང་། མཉམ་དུ་འཚོགས་པ། དགེ་འདུན་བཅས་ལ་བསྒྱུར་ཅིང་། བྷ་དྲ་ནི་བཟང་པོའི་དོན་ཡིན་པས། འདུས་བཟང་ངམ། དགེ་འདུན་བཟང་པོ་ཞེས་ཀྱང་བྱའོ། །འདིའི་ལོ་རྒྱུས་ཅུང་ཟད་རྒྱས་པ་ཐང་སན་ཙང་གི་ལམ་ཡིག་ལས་འདི་ལྟར་གསུངས་ཏེ། ཐང་སན་ཙང་གི་ལམ་ཡིག་ལས། སློབ་དཔོན་ནི་ཀསྨིར་སྟེ་ཁ་ཆེའི་མི་རིགས་ཡོད་སྨྲ་བའི་སྡེ་པ་ལྷག་མཐོང་ཊཱིཀ་ཆེན་མཛད་པ་པོ་སྟེ། སློབ་དཔོན་དགེ་འདུན་བཟང་པོ་འདི་ཉིད་གཞོན་ནུའི་དུས་ནས་བློ་རྣོ་བར་གྲགས་ཤིང་ཕྱིས་མཁས་པ་ཆེན་པོར་གྱུར་ནས་ཡོད་སྨྲ་བའི་སྡེའི་ལྷག་མཐོང་ཊཱིཀ་ཆེན་མཛད་པས། སྐབས་དེར་སློབ་དཔོན་དབྱིག་གཉེན་གྱིས་གཟུང་འཛིན་སུན་འབྱིན་པའི་ཕྱིར་དུ་ཆོས་མངོན་པ་མཛོད་མཛད་པ་བརྗོད་བྱ་ཕུན་སུམ་ཚོགས་ཤིང་རྗོད་བྱེད་ཟབ་ཅིང་བརླིང་པས་འདུན་བཟང་གྱིས་མཐོང་ནས་དོགས་པ་སྐྱེས་སྟེ། ལོ་བཅུ་གཉིས་ཀྱི་རིང་མཛོད་ཀྱི་སེར་བ་ཞེས་བྱ་བའི་བསྟན་བཅོས་ཤོ་ལོ་ཀ་ཉིས་ཁྲི་ལྔ་སྟོང་པ་ཚིག་བརྒྱད་ཁྲིར་ལོང་བ་ཞིག་མཛད་ནས་སློབ་མ་རྣམས་ལ་སྨྲས་པ། བདག་གི་བསྟན་བཅོས་རྣམ་དཔྱོད་ཕུལ་དུ་ཕྱིན་པས་ཤིན་ཏུ་བརྟགས་པར་བྱས་པས། དབྱིག་གཉེན་རིག་བྱེད་རྒན་པོའི་ང་རྒྱལ་བསྙིལ་དུ་ཉེ་བ་ཡིན། རིག་བྱེད་རྒན་པོ་མི་གཅིག་གི་སྙན་གྲགས་ཀྱི་སྐལ་བའི་བདག་པོར་དབང་ཐོབ་ཏུ་སྟེར་མི་རུང༌། ཁྱེད་ཚོས་ཁོང་ལ་བལྟ་རུ་ཆུག་ཅེས་གསུངས་པས། སློབ་མ་རྣམས་ཐེ་ཚོམ་དུ་གྱུར་པ་ན། དབྱིག་གཉེན་གྱིས་སྨྲས་པ་བདག་རྒས་ཁོག་ཅིག ཁོང་གཞོན་ལ་དར་དྲག་ང་རྒྱལ་ཆེ་བས་བཀའ་བློ་མི་བདེ་བ་མི་འབྱེད་པའི་ངེས་པ་མེད་ཅིང༌། ཡུལ་འདིར་ཚད་ཐུབ་ཀྱི་མཁས་པ་དཔང་པོར་འོས་པ་མེད་པས། ཡུལ་དབུས་སུ་ཕྱིན་ཏེ། སྐུ་ན་བགྲེས་པའི་མཁས་པ་དག་ལ་གཏུགས་ཏེ་བསྟན་བཅོས་ཀྱི་དཔང་པོ་བཅོལ་འདོད་པ་ཡིན་གསུངས་ནས་རྒྱ་གར་གྱི་ཡུལ་དབུས་སུ་ཆས་སོ། །དབྱིག་གཉེན་བྱོན་པའི་ཕྱི་ཉིན་འདུན་བཟང་དེ་ཀར་བྱོན་པ་དང་གློ་བུར་སེམས་འགྱུར་ང་རྒྱལ་ཆག་ཏེ་འགྱོད་པ་སྐྱེས་ཏེ། སློབ་མ་རྣམས་ལ་སྤྲིངས་ཡིག་གཏད་ནས་དབྱིག་གཉེན་ལ་འབུལ་དུ་བཏང་བར། འདི་སྐད་ཅེས་སྣང་སྟེ། ཀྱེ་མ་སློབ་དཔོན་ཆེན་པོ་ལགས། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སྟེ་ཚད་མའི་སྐྱེས་བུ་ནུབ་པ་དང༌། རྗེས་འདུག་རྣམས་སོ་སོ་ནས་གསུང་རབ་ལ་གོ་ཡུལ་མི་འདྲ་བར་གྱུར་པ་ན་གྲུབ་པའི་མཐའ་ཡང་མང་པོར་གྱེས་ནས། སོ་སོའི་སློབ་མས་རང་རང་གི་སྡེ་བའི་ཁ་འཛིན་བྱས་པ་ལ་བརྟེན་ནས་མི་མཐུན་ཏེ་རྩོད་པ་བྱེད་མོད་ཀྱང༌། རྩ་བ་བྲུས་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་མི་འགལ་བས་ན། བདག་ཚུར་མཐོང་གི་བློ་གྲོས་ཆུང་ངུས་བརྟགས་ཚེ་མངོན་པའི་བསྟན་བཅོས་མཛོད་ནི་ཐམས་ཅད་ཡོད་སྨྲ་བའི་ལྷག་མཐོང་གི་བརྗོད་བྱ་ཆེད་དུ་དམིགས་པས་དག་པར་སྣང་བས་རང་སྟོབས་ཀྱིས་མ་དཔོགས་པར་ཊཱིཀ་ཆེན་འདི་བྱས་ཀྱང༌། ད་དུང་ཐེ་ཚོམ་མ་ཆོད་ཅིང་བྱང་ཆུབ་སེམས་དཔའི་དགོངས་པ་ཡང་མ་ལོན་པར་སྣང་བས། ནོངས་ཀྱང་འགྱོད་ཐལ་ཆེ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱན་སྔར། མཐོལ་ཞིང་བཤགས་སོ་ཉེས་པར་མི་འགྱུར་བར་མཛད་དུ་གསོལ་ལོ། །བསྟན་བཅོས་འདི་ལ་ཉེ་བར་གཟིགས་ནས་མ་ཕྱིན་པ་དང་མ་ལོང་བ་རྣམས་ལ་ཇི་ལྟར་དགྱེས་དགྱེས་སུ་བཟོད་དུ་གསོལ་ཞེས་པ་སྣང་ངོ༌། །འདུན་བཟང་དེ་ཉིད་དུ་འདས་སོ། །དབྱིག་གཉེན་གྱིས་ཡི་གེ་དང་བསྟན་བཅོས་རྣམས་ཞིབ་ཏུ་གཟིགས་ནས། ཤུགས་རིང་བཏོན་ཏེ་བསྟན་བཅོས་ཀྱི་ནང་གི་ཚིག་འགའ་ཞིག་དང་ལྷག་ཏུ་བསྟན་གྱི་མིང་ལ་ཡང་དག་པའི་དོན་རྣམ་པར་འབྱེད་པ་ཞེས་པ་འཆོས་པར་བརྩམས་པ་ན། འདུན་བཟང་གི་སློབ་མ་འགས་སྨྲས་པ། འདུན་བཟང་འཚོ་བའི་དུས་སུ་ཁོང་དང་མཇལ་མ་ནུས་པར་ཡུལ་གཞན་དུ་བྲོས་ཤིང༌། ཁོང་འདས་པ་དང་ཁོང་གི་བསྟན་བཅོས་ལ་བསྔགས་པ་མི་མཛད་ཅིང་མིང་བཟང་པོ་བརྗེ་བར་མཛད་ན་ངོ་ཚ་ཟེར་བས། དབྱིག་གཉེན་གྱིས་བདག་ཁོང་ལ་འཇིགས་ཏེ་བྱོལ་བ་མིན་པ་སྐྱེ་བོ་ཀུན་གྱི་ཤེས། ཁོང་གིས་བྱས་པའི་བསྟན་བཅོས་སུན་འབྱིན་བྱེད་ཚེ་ཤིན་ཏུ་སླ་མོད། འོན་ཀྱང་ཁོང་གི་བསྟན་བཅོས་ཀྱི་དོན་མཐར་མ་ཕྱིན་ཀྱང༌། ཚིག་སྦྱོར་ཕུན་སུམ་ཚོགས་པར་འདུག་ཅིང་རང་རེའི་གྲུབ་མཐའ་དང་རྗེས་འཇུག་ལ་ཡང་ཕན་ཆེར་ཐོགས་པ་བྱུང༌། དེར་མ་ཟད་འདའ་ཁར་ཡང་ཉེས་པ་འཆགས་ཤིང་སྔོན་གྱི་བབ་ཅོལ་གྱི་སྤྱོད་པར་ནོངས་འགྱོད་སྐྱེས་པ་སྙིང་རེ་རྗེ། ཞེས་ཐུགས་བྱམས་དཔག་མེད་མཛད་ཟེར་རོ། །འདུན་བཟང་འདས་ཏེ་སྤུར་སྦྱངས་ནས་གཙུག་ལག་ཁང་དེའི་ནུབ་བྱང་མཚམས་སུ་གོམ་པ་ཉིས་བརྒྱ་ཙམ་ན་ཨ་མྲའི་ནགས་ཚལ་ཞིག་ཡོད་པའི་ནང་དུ་མཆོད་རྟེན་བརྩིགས་ཏེ་སྦས་པའི་མཆོད་རྟེན་ད་དུང་ཡང་སྣང་ངོ༌། །ཞེས་འབྱུང་། སློབ་དཔོན་འདུས་བཟང་སློབ་དཔོན་དབྱིག་གཉེན་བླ་མ་ཡིན་མིན་དང་། བུ་སྟོན་ཆོས་འབྱུང་དུ་སློབ་དཔོན་འདུས་བཟང་ནཱ་ལེནྡྲར་སྐུ་གཤེགས་པར་གསལ་བར་གསུངས་པ་དང་། ཐང་སན་ལམ་ཡིག་ཏུའང་དེའི་ཕྱོགས་སུ་སྣང་ཞིང་། འོན་ཀྱང་ཏཱ་ར་ནཱ་ཐའི་ཆོས་འབྱུང་དུ་ཁ་ཆེའམ་ཀསྨིར་དུ་སྐུ་གཤེགས་པ་ལྟ་བུར་སྣང་བ་སོགས་བརྟག་པར་བྱ་བ་མང་དུ་སྣང་བས་དཔྱད་པར་འཚལ་ལོ། །