835

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཎྜི
Tibetan Definition (འདུལ་བ) (ལེགས་སྦྱར) དགེ་འདུན་གསོ་སྦྱོང་སོགས་ལ་བསྡུ་བའི་ཕྱིར་བརྡ་གཏོང་བྱེད་ཀྱི་ཤིང་གིས་བཟོས་པའི་དྲིལ་བུ་དང་འཁར་རྔ་སོགས་ཀྱི་དོད་ཅིག གཎྜིའི་རྒྱུ་ནི། ཙནྡན་དང་། རྒྱ་ཤུག སྟག་པ། སྟར་ཁ། འོམ་བུ། སེང་ལྡེང་། འོད་མ། ཙནྡ་དམར་པོ་དང་བརྒྱད་དང་། དེའི་སྟེང་དུ་རྒྱ་གར་ན་ཡོད་པའི་ཤིང་བདུན་དང་བཅོ་ལྔ་སྟེ་གང་འཛོམ་ལ་བྱེད་དོ། །དེའི་ཚད་ནི་སྲིད་དུ་རིང་ཚ་སོར་བརྒྱད་ཅུ་རྩ་བཞི། (རྗེ་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱི་གཞི་གསུམ་ཆོ་ག་༢ན༡ལས་ཆེ་ཚད་ལ་སོར་བརྒྱ་རྩ་བརྒྱ་དང་། ཆུ་ཚད་ལ་སོར་བརྒྱད་ཅུ་རྩ་བཞི་ཡོད་དགོས་པར་གསུངས་སོ) ཞེང་ལ་སོར་དྲུག་པ། དཔངས་ལ་སོར་གཉིས་པ། ཟུར་གཉིས་བཅུམ་ཞིང་བཞོགས་པ་ལ་སོར་བརྒྱད་བརྒྱད། (ཟུར་བཞིར་སོར་གཉིས་ཀྱི་ཚད་དང་ལྡན་པ) རྩེ་མོ་གཉིས་སྦལ་བའི་མགོ་བཞིན་དུ་བྱའོ། །གན་གཡོག་གི་རྒྱུ་ནི་གཎྜི་དང་འདྲ་ཞིང་། སྲིད་དུ་རིང་ཚད་སོར་བཅུ་གཉིས་པ་བཟླུམ་ཞིང་རྩེ་གཉིས་ནིའུ་ལེའི་མགོ་བཞིན་དུ་བྱའོ། །དེའི་རབ་ཏུ་གནས་པ་ནི་བཀྲ་ཤིས་པའི་ཚིག་བྲི་བ་དང་སེར་སྔགས་བྲི་བར་བྱ་སྟེ་བརྡུངས་པ་ལས་གནོད་པ་ཞི་བའི་དགོས་པ་ཡོད་པས་སོ། །བརྡུང་ལུགས་ལ་ཉ་ལྟར་བརྡུང་བ་དང། མདོ་ལས་བསྐྱེད་པའི་རིམ་པ་ལྟར་བརྡུང་བ་དང། གྲངས་དང་རྒྱུད་གཅིག་ལ་སུམ་ཅུ་རྩ་ལྔ་ཡོད་པར་གསུངས་སོ། །