8372

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་ལམ་ཡན་ལག་བརྒྱད
Tibetan Definition བྱང་ཕྱོགས་སྡེ་ཚན་བདུན་གྱི་བདུན་པ་འཕགས་ལམ་ཡན་ལག་བརྒྱད་ནི། དང་པོ་ཡང་དག་པའི་ལྟ་བ། (འདིས་མཉམ་བཞག་ཏུ་རྟོགས་པའི་ཆོས་ཉིད་རྗེས་ཐོབ་ཏུ་ཡོངས་སུ་གཅོད་པར་བྱེད) གཉིས་པ་ཡང་དག་པའི་རྟོག་པ། (རྟོག་པ་ནི་འདིར་ཀུན་སློང་ལ་ཟེར་བས། གང་ཟག་རང་གིས་རྟོགས་པའི་ཆོས་ཉིད་དེ་གཞན་ལ་སྟོན་པར་བྱེད་པའི་ངག་ཀུན་ནས་སློང་བར་བྱེད) གསུམ་པ་ཡང་དག་པའི་ངག (རང་གིས་ཇི་ལྟར་རྟོགས་པ་ལྟར་གཞན་ལ་སྟོན་པར་བྱེད་པའི་ངག་རྣམ་པར་དག་པ) བཞི་པ་ཡང་དག་པའི་ལས་ཀྱི་མཐའ། (སྲོག་གཅོད་སོགས་སྤོང་བས་ལུས་ཀྱི་ལས་རྣམ་པར་དག་པ) ལྔ་པ་ཡང་དག་པའི་འཚོ་བ། (ལོག་འཚོ་སྤོང་བས་འཚོ་བ་རྣམ་དག) དྲུག་པ་ཡང་དག་པའི་རྩོལ་བ། (སྒོམ་སྤང་སྤོང་བའི་གཉེན་པོ་ལ་རྩོལ་བས་ཡང་དག་པའི་རྩོལ་བ) བདུན་པ་ཡང་དག་པའི་དྲན་པ། (ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་རྒྱུ་མཚན་མ་བརྗེད་པའི་ཡང་དག་པའི་དྲན་པའོ) བརྒྱད་པ་ཡང་དག་པའི་ཏིང་ངེ་འཛིན་དང་བརྒྱད་དོ། ། (མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་བསྒྲུབ་པའི་དོན་དུ་བསྒོམ་པས་ཡང་དག་པའི་ཏིང་ངེ་འཛིན་ཏོ) བསྟན་འགྱུར་༼ ཉོ ༽༧༨ན༤ན། འཕགས་ལམ་ཡན་ལག་བརྒྱད་ཀྱི་སྒྲ་བཤད་གསུངས་ཡོད། འཕགས་ལག་ཡན་ལག་བརྒྱད་མིག་དང་རྐང་པ་ལ་དཔེ་སྦྱར་ནས་གསུངས་ཡོད། དཔེར་ན་མིག་གིས་བལྟས་ཤིང་རྐང་པས་ཕྱིན་པས་རང་འདོད་པའི་གནས་སུ་སླེབས་པ་བཞིན་དུ། ཡང་དག་པའི་ལྟ་བའི་མིག་གིས་བལྟས་ཤིང་། ཡང་དག་པའི་རྟོག་པ་ལ་སོགས་པ་ལྷག་མ་བདུན་གྱི་རྐང་པས་ཕྱིན་ཏེ། ཐར་པའི་གོ་འཕང་ལ་ཕྱིན་པར་བྱེད་པ་ཡིན་ནོ། །སྒྲ་སྦྱོར་བམ་གཉིས་༼ ཅོ་པ ༽༡༣༣བ༣ལས། འཕགས་ལམ་ཡན་ལག་བརྒྱད་དང་སྦྱར་ན། ཡང་དག་པའི་ལྟ་བ་ནི་རིག་པ། ལྷག་མ་བདུན་ནི་རྐང་པ་སྟེ། རིག་པ་དང་མིག་དང་འདྲ་བས་མཚོན་ནས་རྐང་པས་ཕྱིན་ཅིང་ཐོབ་པར་འགྱུར་བས་ན་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ། ཞེས་གསུངས་སོ། །