8431

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབབ་ཆུ་རོ་ཧི་ཏ་ཀ
Tibetan Definition (འདུལ་བ) སེར་སྐྱའི་གཞིའི་གྲོང་ཁྱེར་གྱི་ཉེ་འདབས་སུ་ཡོད་པའི་ཆུ་བོ་ཞིག དེང་སང་མིང་ལ་རོ་ཧི་ནི་ Rohini ཟེར། སྟོན་པ་ཁབ་ཏུ་བྱུང་ནས་ལོ་བཅུ་གཉིས་ཀྱི་རྗེས་སུ་སླར་ཡང་སེར་སྐྱའི་གཞིར་བྱོན་སྐབས། ཆུ་བོ་འདིར་སླེབས་པ་ན་སྟོན་པ་འཁོར་བཅས་ཕྱག་ཞབས་ལ་ཁྲུས་གསོལ་ཞིང་སྐུ་ངལ་བསོས་ཏེ་ཅུང་ཟད་བཞུགས་པའི་ལོ་རྒྱུས་འདུལ་བ་ལུང་གཞི་ལས་གསུངས་ཏེ། འདུལ་བ་ལུང་གཞི་༼ ང ༽༩༤ན༣ལས། ཐུགས་རྗེ་ཆེན་པོ་དང་ལྡན་པ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་འབབ་ཆུ་རོ་ཧི་ཏ་ཀར་བྱོན་ (མ་དཔེར་རོ་ཧི་ཀ་ཞེས་འབྱུང་བས་ད་དུང་དཔྱད་དོ) ཏོ། །རྒྱལ་པོ་ཟས་གཙང་གིས་གཞོན་ནུ་དོན་ཐམས་ཅད་གྲུབ་པ། འབབ་ཆུ་རོ་ཧི་ཀར་བྱོན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོ་ཟས་གཙང་གིས་གྲོང་ཁྱེར་སེར་སྐྱའི་གཞི་རྡོ་བ་དང༌། གྱོ་མོ་དང༌། གསེག་མ་རྣམས་བསལ་ནས་ཙན་དན་གྱི་ཆུས་ཆག་ཆག་བཏབ། དྲི་ཤིན་ཏུ་ཞིམ་པོའི་པོག་ཕོར་ཉེ་བར་བཤམས། དར་གྱི་ཆུན་ཕྱང་མང་པོ་དཔྱངས་ཏེ། གང་ཡང་འབབ་ཆུ་རོ་ཧི་ཏ་ཀ་ནས། གང་ཡང་ནྱ་གྲོ་དྷའི་ཀུན་དགའ་ར་བ་དེའི་བར་གྱི་ལམ་ཤིན་ཏུ་མཛེས་པར་བྱས་ཏེ། ས་ཕྱོགས་ཡངས་ཤིང་རྒྱ་ཆེ་བར་གདན་རྣམ་པར་བཀྲ་བ་དག་ཤོམ་དུ་བཅུག་གོ །དེ་ན་འབབ་ཆུ་རོ་ཧ་ཏ་ཀ་ལ་དགེ་སློང་ཁ་ཅིག་ནི་ལག་པ་འཁྲུ་བར་བྱེད་དོ། །ཁ་ཅིག་ནི་སོ་ཤིང་འདོར་བར་བྱེད་དོ། །ཁ་ཅིག་ནི་ཁྲུས་བྱེད་དོ། །ཞེས་སོགས་གསུངས་སོ། །འདུལ་བ་ལུང་གཞིར་འབབ་ཆུ་རོ་ཧི་ཀ་ཞེས་འབྱུང་བ་ནི་ཡིག་ནོར་ཡིན་པར་སེམས་ཏེ། མངོན་བྱུང་གི་མདོ་༼ ས ༽༩༤ན༤ལས། ཐུགས་རྗེ་ཆེན་པོ་དང་ལྡན་པ། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་འབབ་ཆུ་རོ་ཧི་ཏ་ཀར་བྱོན་ཏོ། །རྒྱལ་པོ་ཟས་གཙང་གིས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་འབབ་ཆུ་རོ་ཧི་ཏ་ཀར་བྱོན་ཏོ་ཞེས་ཐོས་སོ། །ཞེས་གསུངས་པའི་ཕྱིར་རོ། །མ་ཟད་M.Monier-Williams གྱི་སཾ་དབྱིན་ཚིག་མཛོད་དུའང་འདི་ཆུ་བོ་ཞིག་གི་མིང་ཡིན་པར་བཤད་དོ། །