8471

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྱུང་པོ
Tibetan Definition <བྷཱུ་ཏ> 1 གདོན་འདྲེ། གདུག་འདྲེ། རྒྱ་གར་གྱི་ཡུལ་སྐད་ལ་ “བྷཱུ་ཏ” ཟེར་བ་དེའོ། ། “བྷཱུ་ཏ” ཞེས་པ་འབྱུང་པོའི་སྐད་དོད་དུ་བུ་སྟོན་གྱི་དུས་འཁོར་གྱི་ཊཱི་ཀ་འདོད་འཇོ་ན་གསལ། 2 འབྱུང་པོ་ཞེས་བྱ་བ་ནི་ཡི་དྭགས་ལ་སོགས་པ་མི་སྣང་བའི་སྲོག་ཆགས་ཏེ། ཡང་དག་པའི་དོན་སྟོན་པའི་ཕྱིར་རོ། །ཞེས་སློབ་དཔོན་དགེ་ལེགས་བཤེས་གཉེན་གྱི་ལུང་གཞིའི་རྒྱ་ཆེར་བཤད་པ་ལས་གསུངས། ཡང་དག་པའི་དོན་སྟོན་པས་ན་འབྱུང་པོ་ཞེས་བརྗོད་པའི་རྒྱུ་མཚན་གང་ཡིན་སྙམ་ན། མིའི་ཁོག་ཏུ་བརླམས་པ་སོགས་ཀྱིས་མ་འོངས་འབྱུང་འགྱུར་གྱི་དོན་སྟོན་པ་ལ་བྱེད་དམ་སྙམ་མོ། །ཞེས་དཔལ་ལྡན་ཆོས་རྗེ་གསུང༌། 2 གཟུགས་སུ་སྣང་ནས་གཞན་གྱི་མདངས་འཕྲོག་པར་བྱེད་པའི་ཡི་དྭགས་ཀྱི་རིགས་ཤིག སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱི་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། འབྱུང་པོ་ནི་གཟུགས་སུ་སྣང་ནས་མདངས་འཕྲོག་པར་བྱེད་པའོ། །ཞེས་གསུངས། 3 གདོན་གྱི་རིགས་ཐམས་ཅད་ལ་འབྱུང་པོ་ཞེས་བྱ་བའང་སྣང་སྟེ། ཀློང་རྡོལ་བླ་མས། གདོན་ཆེན་བཅོ་བརྒྱད་ནི། འབྱུང་པོའི་གདོན་ལ། ལྷ། ལྷ་མ་ཡིན། དྲི་ཟ། ཀླུ། གནོད་སྦྱིན། ཚངས་པ། སྲིན་པོ། ཤ་ཟ། ཡི་དྭགས། གྲུལ་བུམ། བྱད་ལྟེམས། གཡེང་བྱེད། རོ་ལངས། མཚུན་ལྷ། བླ་མ། དྲང་སྲོང༌། རྒན་པོ། གྲུབ་པ། འདི་ཐམས་ཅད་འབྱུང་པོ་ཟེར། ཞེས་འབྱུང༌། 4 སྲོག་ཆགས་སྤྱིའི་མིང༌། རྒྱ་ཆེར་རོལ་པ་ལམ་རིམ་དུ་དྲངས་པ་ལས། འབྱུང་པོའི་ཚོགས་ལ་རྒྱ་མཚོའི་ཆུ་སྲིན་བཞིན། །ཞེས་གསུངས་སོ། །དབྱངས་ཅན་དགའ་བློས། འབྱུང་པོའི་སྒྲ་ནི་སྐྱེ་བ་སྔ་མ་ནས་ཕྱི་མར་འབྱུང་བ་དང་། ཞེས་གསུངས་སོ། །རྗེའི་ལམ་རིམ་ཆེན་མོ་ལས། རྩྭ་དང་ཤིང་དང་ཤིང་གེལ་པ་དང་ཡལ་ག་དང་ལོ་མ་ཐམས་ཅད་དང་སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ་ལ་ནི་མགྱོགས་པས་འབྲོས་པའམ་སྟོབས་ཀྱིས་བཟློག་པའམ་ནོར་གྱིས་བཟློག་པའམ་རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །5 སྐྱེས་དངོས། རྒྱུ་ལས་སྐྱེས་པའི་དངོས་པོ་སྤྱིའི་མིང་། རྒྱ་ཆེར་རོལ་པ་ལམ་རིམ་དུ་དྲངས་པ་ལས། རྩྭ་ཤིང་འབྱུང་པོའི་ཚོགས་ལ་མེ་དང་མཚུངས། །ཞེས་གསུངས་པ་ལྟར་རོ། །དབྱངས་ཅན་དགའ་བློས། འབྱུང་པོའི་སྒྲ་ནི། རྒྱུ་ལས་འབྲས་བུ་འབྱུང་བ་ལའང་འཇུག་རུང་ངོ་། །ཞེས་གསུངས་སོ། །