8541

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུག
Tibetan Definition 1 བོད་ཀྱི་ངག་རྒྱུན་དུ་ཡོད་པའི་སྲོག་ཆགས་ཡ་མཚན་ཞིག ཞྭ་སྒབ་པའི་རྒྱལ་རབས་ལས། འབྲུག་ཅེས་བྲིས་ཆའི་ནང་ཡོད་པའི་སེམས་ཅན་དེའི་སྐོར་ལ། བྱང་གནམ་མཚོ་ཁ་པ་དང༌། བྱ་དོ་དགོན་གྱི་བླ་གྲྭ། གནམ་རུ་ཁུལ་གྱི་འབྲོག་པ་མང་པོ་བཅས་ཀྱིས་དབྱར་དུས་གནམ་མཚོ་ཕྱུག་མོའི་ནང་ནས་སྨུག་པ་དང་མཉམ་དུ་འབྲུག་ནམ་མཁར་འགྲོ་ཚུལ་དང༌། སྐབས་རེ་རྒྱང་རིང་པོའི་སྤྲིན་གསེབ་ནས་འབྲུག་གི་མཇུག་མ་ཁྲ་ཤར་ཤར་བ་སྣར་ཏེ་བསྒུལ་བའི་ཚེ་ཆར་རླུང་འདྲེས་མ་རྒྱག་ཚུལ་མཐོང་མྱོང་མང་པོས་རྩེ་མཐུན་བརྗོད་རྐྱེན་དེ་སྐོར་ད་དུང་ཞིབ་རྩད་བྱེད་མུས། ཉེ་དུས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ་བཀའ་འདྲི་ཞུས་པར། རྫ་སྟོད་ཁུལ་ལ་རྒྱང་རིང་པོར་སྨུག་པ་དང་མཉམ་དུ་འབྲུག་གཅིག་ས་ལ་བབས་པ་དང༌། གཅིག་ནམ་མཁར་འགྲོ་བ་དུས་གཅིག་ལ་གཟིགས་མྱོང་བ་མ་ཟད། རིན་པོ་ཆེ་རང་གི་ཡབ་དེས་དབྱར་ཐན་པ་ཆེ་སྐབས་ཤིག་ལ་ཁྱིམ་གྱི་ཆུ་གསོག་ཟངས་ཆེན་ནང་འབྲུག་ཆུང་མཐེ་བོང་ཙམ་ཞིག་བསྡད་པ་གཟིགས་ཤིང༌། དེ་འབྱུང་བ་དང་འཐབ་སྟེ་སྐད་ཅིག་ལ་འུར་སྒྲ་དང་བཅས་ནམ་མཁར་འཕགས་འགྲོ་བ་གཟིགས་པ་རེད་ཅེས་དང༌། དེས་མ་ཚད་རིན་པོ་ཆེའི་ཡབ་ལ་འཇུ་མི་ཕམ་རིན་པོ་ཆེས་ཀྱང༌། རྒྱུག་ཆུ་ཆུང་ཆུང་ཞིག་ནང༌། དེང་དུས་རི་མོ་བྲིས་པ་ལྟར་གྱི་བཟོ་དབྱིབས་ཀུན་ཚང་བ་ལ་ཆེ་ཆུང་ཚོན་གང་ཙམ་བྱས་པའི་འབྲུག་ཅིག་བསྡད་འདུག་པ། དེར་ཉིན་མོ་བྱིས་པ་དག་གིས་གནོད་པ་བྱས་དོགས་སྲུང་སྐྱོབས་གནང་སྟེ་ཆུ་ཁ་རང་ལ་བཞུགས་པ་དང་དགོང་མཚམས་ཁོ་གཟུགས་ལྡབ་གཅིག་ཙམ་ཆེ་རུ་ཕྱིན་འདུག མཚན་མོ་འུར་སྒྲ་དང་བཅས་ནམ་མཁར་ཕྱིན་པའི་ལོ་རྒྱུས་གསུངས་འདུག འབྲུག་ནི་འབྱུང་བའི་རང་བཞིན་ཞིག་ལ་བརྟེན་ཆེ་ཆུང་སྐད་ཅིག་མ་གཅིག་ལ་སྤྲུལ་འགྱུར་ཐུབ་པ་ཡིན་ཚོད་འདུག ཅེས་ང་རང་ལ་དངོས་སུ་གསུངས་བྱུང་བ། དེ་ལྟ་བུའི་སྲོག་ཆགས་ཁྱད་མཚར་དག་རང་རེའི་ཡུལ་དུ་ཡོད་པ་ནི་ཧ་ཅང་གི་ངོ་མཚར་བའི་ལོ་རྒྱུས་འདུག་པས་ད་དུང་ཞིབ་འཇུག་ངེས་པར་དགོས་སམ་སྙམ་ཞེས་གསལ།