856

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏན་པ
Tibetan Definition (འདུལ་བ) 1 པང་ལེབ་ཅིག ཞིབ་པར་བཤད་ན། གོས་སོགས་འཁུམས་པ་བརྐྱངས་ཏེ་བཞག་སའི་པང་ལེབ་ཅིག 2 སྲ་བརྐྱང་གི་མིང་གཞན། སྲ་བརྐྱང་ལ་མིང་གཞན་གཏན་པ་ཞེས་བྱ་སྟེ། དཔེར་ན་སྲ་བརྐྱང་གདིང་བ་ལ། གཏན་པ་གདིང་བ་ཞེས་བརྗོད་པ་ལྟ་བུའོ། །གཞན་ཡང་མདོ་རྩ་རང་འགྲེལ་ལས། སྲ་བརྐྱང་གདིང་བར་བྱའོ་ཞེས་བྱ་བ་ལ། སྲ་བརྐྱང་ཞེས་བྱ་བ་ནི་གཏན་པ་སྟེ། འདི་ལྟར་འདི་ནི་གོས་གདིང་བར་བྱེད་ཅིང་རྐྱོང་བར་བྱེད་པ་མི་འཁུམས་པར་བྱེད་པའི་ཆོས་ཅན་ཤིང་ལ་སོགས་པ་ལས་བྱས་པའི་སྤང་ལེབ་ལ་གཏན་པ་ཞེས་བྱའོ། །ཞེས་གསུངས་སོ། །གཞན་ཡང་། མཚོ་ཊཱིཀ་ལས། དང་པོ་སྲ་བརྐྱང་གི་སྒྲ་བཤད་པ་ནི། ཆོས་གོས་ཞིག་པ་མ་ཡིན་པས་སྲ་བ་དེ་གཟེབ་ཀྱི་སྤྲོག་པའི་ནང་དུ་བརྐྱང་པ་ཡིན་པས་ན། (ཆོས་གོས་གསུམ་གྱི་རྣམ་ཕྲན་གླེགས་བུ་ལྟ་བུ) སྲ་བརྐྱང་ཞེས་བྱ་སྟེ། (འདིར་གཏོགས་པའི) སྲ་བའོ་ཞེས་པ་དང། ཊཱི་ཀ་ལས་གཟེབ་ཀྱི་སྤྲོག་མའི་ནང་དུ་བརྐྱང་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་སོ། །འདི་ལ་མིང་གཉིས་པ་གཏན་པ་ཞེས་ཀྱང་བྱ་སྟེ། འདྲ་ཆོས་གཉིས་ཀྱི་སྒོ་ནས་གཏན་པ་དང་འདྲ་བས་གཏན་པ་ཞེས་བྱ་སྟེ། དཔེར་ན་པང་ལེབ་བཏན་པ་དེའི་སྟེང་ (དགེ་སློང་བྲམ་ཟེའི་བུ་མོ་ལྟ་བུས་ཞུས་པ་ལས། གོས་ཞིག་པ་གཏན་པར་བཏིང་ན་གཏན་པར་བཏིང་བ་མ་ཡིན་ནོ་ཞེས་གསུངས་ན། གོས་ཞིག་པ་གང་ལགས། གོས་གང་དགེ་སློང་གིས་ལུས་ལས་དེངས་པའོ་ཞེས་གསུངས་པས་ཆོས་གོས་ཞིག་པ་མ་ཡིན་པས་ན) དུ་སྣམ་ཕྲན་དང་སླེགས་བུ་ལ་སོགས་པ་ཐ་དད་མང་པོ་དག་གོས་གཅིག་གི་ངོ་བོར་བསྡུས་པ་དང་གོས་མི་འཁུམ་ཞིང་རྐྱོང་བར་བྱེད་པ་དེ་བཞིན་དུ། ཆོས་གོས་སྲ་བརྐྱང་འདིས་ཀྱང། དགེ་སློང་མང་པོ་དག་སྲ་བརྐྱང་ལ་གཏོགས་པའི་ཚོགས་པ་གཅིག་ཏུ་བསྡུས་པ་དང། དགེ་སློང་དག་ལྟུང་བ་འབྱུང་བའི་བག་འཁུམས་མེད་པར་བག་རྐྱོང་བར་བྱེད་པའི་ཕྱིར་ན་གཏན་པ་དང་འདྲ་བས་གཏན་པ་ཞེས་བྱ་སྟེ། དོན་དེ་ལྟར་ཊཱི་ཀ་ལས་བཤད་དོ། །ཞེས་གསུངས་སོ། །3 བོད་རྒྱ་ཚིག་མཛོད་ཆེན་མོར། གཏན་པའི་གོ་དོན་ལ། སྒོའི་ནང་ངོས་ནས་གནོན་བྱེད་ཀྱི་ཨ་ཤིང༌། ཞེས་བཤད་མོད། འདི་ལ་སྐྱོན་འདི་ལྟར་ཡོད་དེ། འདི་ལ་སྒོའི་གཏན་པཞེས་ཚིག་གྲོགས་དང་སྦྱར་ན་མ་གཏོགས། སྤྱིར་བཏང་ཚིག་གྲོགས་མེད་པར་གཏན་པཞེས་བརྗོད་ན་པང་ལེབ་ལ་འཇུག་གི། སྒོའི་གཏན་པ་ལ་འཇུག་པ་ཧ་ཅང་དཀོན་ཞིང་གྲགས་ཆུང་ངོ་། །དཔེར་ན་འདུལ་བ་ལུང་གཞི་ལས། ཕོ་བྲང་དང་ནི་ཁྱིམ་སྒོ་དང༌། །དེ་བཞིན་གྲོང་ཁྱེར་སྒོ་དག་ཀྱང༌། །བཅད་ནས་གཏན་པ་དམ་བཅུག་སྟེ། །དེ་བཞིན་ཀུན་ནས་བསྲུངས་པར་གྱུར། །ཅེས་གསུངས་པ་འདི་ཙམ་མོ། །གཞན་ལུང་གཞིའི་འགྲེལ་པ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ། ལུང་ཞུ་བའི་འགྲེལ་པ། མཚོ་ཊཱིཀ་སོགས་འཕགས་བོད་ཀྱི་འདུལ་གཞུང་གང་གི་ནང་དུའང་གཏན་པ་ཞེས་པ་སྒོའི་གཏན་པ་ལ་བཤད་པས། བོད་རྒྱ་ཚིག་མཛོད་ཆེན་མོའི་གཏན་པའི་འགྲེལ་བཤད་དེ་ལེགས་པར་མི་སྣང་ངོ་། །