8564

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཚལ་བ
Tibetan Definition (བྱེད་འབྲེལ་ལས་ཚིག་ད་ལྟ་བ) (འདུལ་བ) 1 བྱེད་པ། དཔེར་ན་འདུལ་བ་ལུང་གཞི་ལས། ལྷ་བཀའ་བཞིན་འཚལ་ཞེས་གསུངས་པ་ལྟ་བུ། གཞན་ཡང་ཕྱག་བྱེད་པ་ལ། ཕྱག་འཚལ་ཞེས་པ་ལྟ་བུ། བཙལ་བ། བཙལ་བ། འཚོལ། 2 འདོད་པ། དཔེར་ན་བདག་གཅེར་བུར་བགྱིད་པར་འཚལ་ལོ། །ཞེས་པ་ལྟ་བུ། དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གཅེར་བུ་བགྱིད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གཏི་མུག་འདི་ལྟ་སྟེ། གཅེར་བུ་འདི་ནི་མུ་སྟེགས་པའི་རྟགས་ཡིན་ནོ། །ཞེས་གསུངས་སོ། །3 ཟ་བ། འཚལ་མ་འཚལ་ཞེས་པ་ལྟ་བུ། ལུང་ཞུ་བའི་འགྲེལ་པ་ལས། དེ་ལ་དོན་ནི་འདི་ཡིན་ཏེ་འཚལ་བ་ཞེས་བྱ་བ་ནི་ཟོས་པའོ། །ཞེས་གསུངས་པ་ལྟ་བུའོ། །4 ཤེས་པ། དཔེར་ན་བདག་གིས་མ་འཚལ་ཏོ་ཞེས་པ་ལྟ་བུ། འདུལ་བ་ལུང་གཞི་ལས། དེ་ནས་སྐྱེད་མོས་ཚལ་སྲུང་བའི་མི་ལ་སྨྲས་པ། ཀྭའི་ནང་རྗེ་འདི་ཅི་ཡིན། དེས་སྨྲས་པ། ལྷ་བདག་གིས་ནི་མ་འཚལ་ཏེ། འོན་ཀྱང་འདིའི་དོན་ནི་བཙུན་མོས་འཚལ་ཏོ། །ཞེས་གསུངས་པ་ལྟ་བུ། བརྒྱད་སྟོང་པ་ལས་ཀྱང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའམ་བྱང་ཆུབ་སེམས་དཔའི་ཆོས་ཀྱང་བདག་གིས་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། ཞེས་གསུངས་པ་ལྟ་བུའོ། །བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ལས་ཀྱང་། མ་འཚལ་ཞེས་བྱ་བ་ནི་མ་དམིགས་པའོ། །ཚད་མས་གནོད་པ་ཡིན་པའི་ཕྱིར་རི་བོང་གི་རྭ་བཞིན་ནོ་ཞེས་བསམས་སོ། །ཞེས་གསུངས་སོ། །5 དགོས་པ། དཔེར་ན་སྨོས་ཅི་འཚལ་ཞེས་པའམ། ལྟ་སྨོས་ཀྱང་ཅི་འཚལ་ཞེས་པ་ལྟ་བུའོ། །བཤེས་སྤྲིང་ལས་ཀྱང་། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །འདི་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པ་ལྟ་བུའོ། །དེའི་ཐད་ཀྱི་བཤེས་སྤྲིང་འགྲེལ་པ་ལས། ལུས་དང་སྲོག་ལ་མི་ལྟ་བའི་བརྩོན་འགྲུས་ཆེན་པོ་དེ་ལྟ་བུ་ཡང་སྲིད་མེད་པར་བྱ་བའི་ཕྱིར་འབད་པར་བྱ་དགོས་སོ་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །དེ་བཞིན་དུ། བཤེས་སྤྲིང་ལས། དེ་བས་ཆེས་མང་ཉིད་ཅིག་བཏུང་འཚལ་ལོ། །ཞེས་དང་། རེག་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་དང་། སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཞེས་སོགས་ལ་རིགས་འགྲེའོ། །6 ཡོད་པའམ་ལྡན་པའི་དོན་ཡིན། དཔེར་ན་བྲོ་འཚལ་བ་ཞེས་པ་ལྟ་བུ། ལུང་གཞི་རྒྱ་ཆེར་འགྲེལ་པ་ལས། བྲོ་འཚལ་བ་ཞེས་བྱ་བ་ནི་ནད་ཡོད་པའི་ཕྱིར་རོ། །ཞེས་གསུངས་སོ། །བྲོ་ནི་ནད་དང་འཚལ་བ་ནི་ཡོད་པའམ་ལྡན་པའི་དོན་ནོ། །7 གྱོན་པ། ཀླུབ་པ། བགོ་བ། ཡོད་པའམ་ལྡན་པ། འདུལ་བ་ལུང་གཞི་ལས། ལྷ་སྐྱེས་མོས་ཚལ་གྱི་གཞིར་བྱུང་བ་ན་མི་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་འཚལ་བ་སུག་པ་ན་ལྷུང་བཟེད་ཐོགས་ནས་ཁྱིམ་ནས་ཁྱིམ་དང་། ཁང་པ་ནས་ཁང་པར་རྒྱུ་ཞིང་མཆི་བ་ཞིག་གཟིགས་སོ། །ཞེས་པ་ལྟ་བུ། 8 ཚིམ་པའི་དོན་དུའང་བཤད། པཎ་ཆེན་ཤཱཀ་མཆོག་པས། མིང་ཡིན་འཚལ་བ་ཟ་བ་དང་། །ཚིམ་པའི་དོན་དུའང་བཤད་པ་ཡོད། །ཅེས་གསུངས་སོ། །