857

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏན་པ་མེད་པའི་མཆོད་སྦྱིན
Tibetan Definition ཟད་པ་མེད་པའམ་རྒྱུན་ཆད་མེད་པའི་མཆོད་སྦྱིན། གཏན་པ་ནི་རྒྱུན་གྱི་དོན་ཡིན་པས་རྒྱུན་ཆད་མེད་པའི་མཆོད་སྦྱིན་ཞེས་བྱ་བའི་དོན་ནོ། །བསྟན་དར་ལྷ་རམས་པའི་གསུང༌ལ་གཞི་བྱས། ཐ་སྙད་འདི་འདུལ་བ་ལུང་གཞི་ལས་འབྱུང་སྟེ། དེ་ཉིད་ལས། དེས་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་ལོ་བཅུ་གཉིས་སུ་གཏན་པ་མེད་པའི་མཆོད་སྦྱིན་བྱས་སོ། །ཞེས་གསུངས་སོ། །ཡང་འགའ་ཞིག་གིས། གཏན་པ་ཞེས་པ་སྒོ་གནོན་བྱེད་ཀྱི་འཕྲེད་ཤིང་ངམ་འཕྲེད་གཏན་དང་སྒོ་གཏན་ཟེར་བ་དེ་ལའང་འཇུག་པས། སྒོ་གཏན་གྱིས་སྒོ་བཀག་ནས་ཕྱིར་མི་གཏོང་བར་བཞག་པ་ལྟ་བུ་མིན་པར། མཛོད་ཁང་གི་སྒོ་མོ་ཡངས་པོར་ཕྱེ་སྟེ་ཟས་ནོར་སོགས་འཛད་མེད་མཆོད་སྦྱིན་དུ་གཏོང་བས་ན། གཏན་པ་མེད་པའི་མཆོད་སྦྱིན་ཟེར་བ་ཡིན་ཞེས་ཀྱང་སྣང་ཡང་དཔྱད་དགོས་ཏེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་༼ མ ༽༡༠༨བ༥ལས། གཏན་པ་མེད་པའི་བསོད་ནམས་ཀྱི་ཕུང་པོ་གཅིག་ཡང་དག་པར་བསྒྲུབས་པ་དེས། དེ་བཞིན་གཤེགས་པའི་སྐུ་ལ་དཔེ་བྱད་བཟང་པོ་གཅིག་འགྲུབ་སྟེ། ཞེས་གསུངས་པའི་གཏན་པ་མེད་པ་དེ་གང་ལ་བྱེད་སྨྲ་དགོས་སོ། །དེས་ན་གཏན་པ་མེད་པ་ནི་ཟད་པ་མེད་པ་ཉིད་ལ་བྱེད་ན་ལེགས་སོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༢༢༢བ༧ལས། དངོས་པོ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་དུས་ཐམས་ཅད་དུ་གཏོང་བ་ནི་གཏན་པ་མེད་པའི་ཆོས་སྦྱིན་ཏེ། ཞེས་གསུངས་སོ། །