From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཛམ་བུ་གླིང
|
Tibetan Definition
|
2 ཡང་གནའ་བོ་རྒྱ་གར་ལའང་འཛམ་བུ་གླིང་ཟེར། འདུལ་བ་ལུང་གཞི་༼ ཁ་པ ༽རྟའི་རྒྱལ་པོ་ཤུགས་ཅན་གྱི་གཏམ་རྒྱུད་ལས། རྒྱ་གར་ལ་འཛམ་བུ་གླིང་ཞེས་ཡང་ཡང་ཐ་སྙད་མཛད་ཡོད། དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་༤༧ཕྲེང་༧ལས། རྒྱལ་པོ་མྱ་ངན་མེད་ཀྱི་དུས་ཙམ་ནས་ད་ལྟའི་རྒྱ་གར་ཡོངས་སུ་རྫོགས་པ་བྱང་གི་ཕྱོགས་ཆ་དང་བཅས་པ་འདི་ལ་ཛམྦུ་དྭི་པ། जम्बुद्वीप,Jambudvipa ཞེས་གྲགས། སིངྒ་ལ་པའི་Shri Lankan ཡུལ་མི་བྱིངས་རྣམས་ད་དུང་ཡང་རྒྱ་གར་ལ་འཛམ་བུ་གླིང་དུ་འབོད་ཅིང་། བོད་དང་རྒྱ་སོགས་དེའི་ཁོངས་མིན་པར་བྱེད། གདུང་བ་གཞི་ (འདི་འདུལ་བ་གཞི་ཡིན་མིན་དཔྱད) སོགས་ཀྱི་ཡུལ་ (འདིའི་ཡུལ་ཞེས་པའི་ཚིག་འདི་ལྷག་སྐྱོན་ཡིན་མིན་ལའང་དཔྱད་པར་འཚལ། འདུལ་བ་གཞི་སོགས་ཀྱི་སྔོན་རབས་རྙིང་མ་རྣམས་ལས། ཞེས་བཀླག་རྒྱུ་ཡིན་ནམ་སྙམ་ཡང་དཔྱད་དོ) སྔོན་རབས་རྙིང་མ་རྣམས་ལས་འཛམ་གླིང་ཡུལ་གྲུ་གང་བཤད་པ་ཕལ་ཆེར་ཀྱང་རྒྱ་གར་དང་དེའི་ཉེ་འཁོར་མི་རིང་བའི་ཕྱོགས་ནས་རྙེད་པ་ཤ་སྟག་ཡིན། དུས་འཁོར་ནས་ལྷོ་གླིང་བདུན་རྩིས་པའི་མཐར་འཛམ་གླིང་བྱུང་བ་དང་། མུ་སྟེགས་ཀྱི་གླིང་བདུན་དེ་ལྟར་རྩིས་པའི་ལྷོ་མཐར་བྷཱ་ར་ཏའི་ཡུལ་བྱུང་བས་ཀྱང་འཛམ་གླིང་ཆུང་ངུ་དེ་རྒྱ་གར་ཙམ་དུ་གསལ། དེ་ཉིད་བསྡུས་པའི་འགྲེལ་པའི་དབུར་་བྷ་ཏཔྲདེ་ཤེ་ཟུར་གསུམ་སོག་པའི་དབྱིབས་དང་རྡོ་རྗེ་གདན་ལྟེ་བར་བྱས་པ་ཡང་རྒྱ་གར་ཙམ་དུ་སྣང་། ཞེས་གསུངས་སོ། །སྒྲ་བཤད་ནི། ཛམྦུ་པྲཀྵ་ཞེས་བྱ་བའི་ཤིང་གིས་ཉེ་བར་མཛེས་པས་འཛམ་བུ་ཞེས་བྱ་ལ། མཐའ་ཆུས་བསྐོར་ཞིང་རང་གི་ངོ་བོ་སྐམ་སར་གནས་པས་གླིང་ཞེས་བྱའོ། །མདོར་ན་ཤིང་ཛམྦུ་གང་དུ་སྐྱེ་བའི་ཡུལ་ལ་འཛམ་བུ་གླིང་ཞེས་བརྗོད་པ་ཡིན་ནོ། །བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ཇམྦུ་Jambuམ་བྲིས་པར། ཛམྦུ་Zambu ཞེས་བྲིས་པའི་རྒྱུ་མཚན་ནི་ད་ལྟ་ཡང་སུ་ལའང་བཤད་དུ་མེད་ཅིང་། རྒྱ་གར་གྱི་དབྱངས་གསལ་ནང་ཇ་མ་གཏོགས་ཛ་ཞེས་མི་འབྱུང་ལ། མ་ཟད་ཁོང་ཅག་གིས་ཛ་ཞེས་བརྗོད་ཀྱང་མི་ཤེས་པ་མངོན་སུམ་མཐོང་ཆོས་ཡིན་པའི་ཕྱིར། མ་དག་རྒྱུན་འབྱམས་སུ་སོང་བར་ངེས་སོ། །ཇམྦུའི་ཤིང་Jambu treeཞེས་པ་དེ་ཅི་འདྲ་ཞིག་ལ་ཟེར་བ་ཡིན་ནམ་སྙམ་ན། རྒྱུན་དུ་ང་ཚོའི་གོམས་གཤིས་ལ་དེ་ནི་སྔོན་བསྐལ་པ་བཟང་པོའི་དུས་ཀྱི་མི་རྣམས་ཀྱི་ལོངས་སྤྱད་བྱའམ་དེ་དག་གིས་མཐོང་ཐོས་སུ་གྱུར་པ་ལས། འོ་ཅག་དུས་རབས་ཉེར་གཅིག་པའི་སོ་སྐྱེ་ཐ་མལ་པ་རྣམས་ཀྱིས་དངོས་སུ་ལོངས་སྤྱོད་པའམ་མཐོང་དུ་མེད་པའི་ལྗོན་ཤིང་རྩ་བ་དང་ངོ་མཚར་ཤིན་ཏུ་ཆེ་བ་ཞིག་ཡིན་ངེས་སྙམ་ཡང་། དེ་ནི་དེ་ལྟར་ཏན་ནས་མིན་ཏེ། དེ་ནི་ཡོངས་གྲགས་སུ་འཇའ་མཱུན་Jamun ཟེར་བའི་ཤིང་འབྲས་མདོག་དམར་སྨུག་རོ་མངར་ལ། དབྱིབས་འཇོང་ཞིང་ཆེ་ཆུང་བུད་མེད་ཀྱི་མཐེ་བོང་ལས་ཆུང་ཙམ་པ་ཞིག་ཡོད་པ་དེའི་ཤིང་སྡོང་ལ། འཛམ་བུའི་ཤིང་ཟེར་ཞིང་། ཤིང་འབྲས་དེ་ལ་Jambul, Jamun, Jamblang (Syzgium cumini) ཟེར། དེ་ནི་རྒྱ་གར་གྱི་ཡུལ་གྲུ་སྤྱི་དང་། ལྷག་པར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་ངེད་རང་ཆོས་སྒོར་མ་ཞུགས་གོང་བྱིས་པའི་དུས་སུ་འཁྱམས་ཉུལ་བྱེད་སའི་གཞིས་གྲོང་བདུན་པ་དང་འབྲས་སྤུངས་དགོན་པ་གཉིས་ཀྱི་དབར་གྱི་ལུང་གཤོང་གི་ཉེ་འདབས་སུ་རྒྱ་གར་གྱི་ཞིང་ཁའི་ནང་འཛམ་བུའི་ཤིང་ཆེན་པོ་ཞིག་ཡོད་པ་དེ་རང་ལ་ངོས་གཟུང་དགོས། ཆུང་དུས་དེར་འཛེགས་ནས་ཤིང་འབྲས་མང་དུ་འཐུས་པ་ད་ལྟ་ཡང་དྲན་ཞིང་། སྐབས་ཤིག་ཡར་འཛེགས་ནས་མར་འབབ་མ་ཐུབ་པར་ཡུན་རིང་ལུས་ཏེ་དཀའ་སྡུག་ཆེ་ཙམ་བྱུང་བ་ཡང་གསལ་ལེར་དྲན་ནོ། །M. Monier-Williams གྱི་ཚིག་མཛོད་དུ། ཛམྦུ་ཞེས་པ་rose apple (Eugenia Jambolana or another species) ཞེས་པའི་ཤིང་ཏོག་དེ་ལ་ངོས་འཛིན་བྱས་འདུག་ཅིང་། ཡང་འགའ་ཞིག་གིས་རྒྱ་གར་སྐད་དུ་Amrood, अमरुद, དང་ཕྱི་རྒྱལ་བས་Guava, ཟེར་བ་དེ་རེད་ཡང་ཟེར།
|