8618

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོད་གསལ
Tibetan Definition 1 དོན་གྱི་འོད་གསལ་མངོན་དུ་འགྱུར་བའི་ཐབས་ཉེ་བའི་རྒྱུ་ནས་བཟུང་སྟེ་ཟུང་འཇུག་མ་ཐོབ་པའི་བར་གྱི་རྫོགས་རིམ་ནི། བཞི་པ་འོད་གསལ་གྱི་རིམ་པའི་ངོ་བོའོ། །འོད་གསལ་དབྱེ་ན། ཡུལ་གྱི་འོད་གསལ་དང་། ཡུལ་ཅན་གྱི་འོད་གསལ་གཉིས་ཡོད། དང་པོ་དང་སྟོང་ཉིད་དོན་གཅིག ཡུལ་ཅན་གྱི་འོད་གསལ་ལའང་། སྤྱི་དོན་གྱི་འོད་གསལ་དང་། (ཕར་ཕྱིན་ཐེག་པ་དང་རྒྱུད་སྡེ་འོག་མ་གསུམ་དང་ཐུན་མོང་བའི་ཡིད་ཤེས་རགས་པས་སྟོང་ཉིད་རྟོགས་པའི་ཡུན་ཅན་གྱི་འོད་གསལ་ལ། སྤྱི་དོན་གྱི་འོད་གསལ་ཟེར) སྦས་དོན་འོད་གསལ། (བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ཡུལ་ཅན་གྱི་འོད་གསལ་ལ། སྦས་དོན་གྱི་འོད་གསལ་ཟེར། རྗེའི་རིམ་ལྔ་གསལ་སྒྲོན་ལས། བདེ་བ་ཆེན་པོས་དེ་ཁོ་ན་ཉིད་རྟོགས་པ་ནི་སྦས་དོན་དང༌། ཞེས་གསུངས་སོ) དོན་གྱི་འོད་གསལ་ (ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡུལ་ཅན་གྱི་འོད་གསལ་ལ། དོན་གྱི་འོད་གསལ་ཟེར། དེ་ལ་མཐར་ཐུག་གི་འོད་གསལ་ཞེས་ཀྱང་བྱའོ། །རྗེའི་རིམ་ལྔ་གསལ་སྒྲོན་ལས། ལྷན་སྐྱེས་ཀྱི་བདེ་བས་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་དུ་སོང་བ་དང༌། དེར་མ་སོང་བའི་དཔེའི་འོད་གསལ་གྱི་མཚན་ཉིད་རྣམས་ལེགས་པར་ཁོང་དུ་ཆུད་ནས་ཁྱད་པར་བྱེད་པ་དགོས་སོ། །ཞེས་གསུངས་པ་ལྟར་རོ) བཅས་ཡོད་དོ། །རིམ་པ་བཞི་པའི་དོན་གྱི་འོད་གསལ་ནི། ཕྱིའི་ཟླ་ཉི་སྲོད་ཀྱི་སྨག་གསུམ་འདས་པའི་ཐོ་རངས་ཀྱི་དུས་སུ་མངོན་དུ་བྱས་པའི་ལྡོག་ཆ་ནས་ཕྱིའི་མངོན་བྱང་དང་། ནང་གི་སྣང་མཆེད་ཐོབ་གསུམ་ཐིམ་པའི་འོད་གསལ་ཐམས་ཅད་སྟོང་པ་ཡིན་པའི་ལྡོག་ཆ་ནས་ནང་གི་མངོན་བྱང་དུ་བཤད་དོ། །རིམ་པ་བཞི་པའི་དོན་གྱི་འོད་གསལ་ཐོབ་པ། ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་སྟོང་ཉིད་མངོན་སུམ་དུ་རྟོགས་པ། སྔགས་བླ་མེད་ཀྱི་མཐོང་ལམ་ཐོབ་པ། སྔགས་བླ་མེད་ཀྱི་ས་དང་པོ་ཐོབ་པ་རྣམས་དུས་མཉམ་མོ། །རྫོགས་རིམ་དངོས་གྲུབ་སྙེ་མ་ལས། རྩ་མདུད་ལེགས་པར་གྲོལ་ནས་སྒྱུ་ལུས་དངོས་སུ་བསྐྱེད་མི་ནུས་ཚུན་ཆད་ནི་སེམས་དབེན་དུ་བསྡུའོ། །སྒྱུ་ལུས་དངོས་སུ་བསྐྱེད་ནུས་པ་ནས་དེ་ལ་བྱང་བའི་བར་ནི་བདག་བྱིན་རླབས་ཀྱི་རིམ་པའོ། །དེ་ནས་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་གྱུར་པ་དང་དེའི་ཐབས་ཉེ་བའི་རྒྱུ་རྣམས་ལ་ནི་འོད་གསལ་དང་མངོན་པར་བྱང་ཆུབ་པའི་རིམ་པ་ཞེས་བྱའོ། །ཞེས་གསུངས་སོ། །