8705

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡན་ལག་བརྒྱད་ལྡན་གྱི་ཆུ
Tibetan Definition ཡན་ལག་བརྒྱད་ནི། མཆིམས་མཛོད་ལས། བསིལ་དང་ཞིམ་དང་ཡང་བ་དང༌། །འཇམ་དང་དྭངས་དང་དྲི་ང་མེད། །འཐུངས་ན་མགྲིན་དང་ལྟོ་བ་ལ། །མི་གནོད་ཡན་ལག་བརྒྱད་ལྡན་ཆུ། །ཞེས་གསུངས་པ་ལྟར། ཡན་ལག་བརྒྱད་ལྡན་གྱི་ཆུ་འབུལ་བའི་ཕན་ཡོན་ནི། དྭངས་ཤིང་བསིལ་བའི་ཡོན་ཆབ་གཙང་མ་ཕུལ་ན་ཤེས་རྒྱུད་ཀྱི་སྡིག་ལྟུང་སྦྱངས་ཏེ་ས་ལམ་གྱི་རྟོགས་པ་སྐྱེ་བའི་དགོས་པ་ཡོད་པར་གསུངས་ཤིང་། ཁྱད་པར་དུ་ཡན་ལག་བརྒྱད་ལྡན་གྱི་ཆབ་ཕུལ་བས་ནི། ཆུ་བསིལ་བ་ཕུལ་བས་ཚུལ་ཁྲིམས་དག་པ་དང༌། ཆུ་ཞིམ་པ་ཕུལ་བས་ཟས་ཀྱི་རོ་མཆོག་རྙེད་པ་དང༌། ཆུ་ཡང་བ་ཕུལ་བས་ལུས་སེམས་ལས་སུ་རུང་བ་དང༌། ཆུ་འཇམ་པ་ཕུལ་བས་ཤེས་རྒྱུད་འཇམ་པ་དང༌། ཆུ་དྭངས་བ་ཕུལ་བས་རིག་པ་དྭང་བར་འགྱུར་བ་དང༌། ཆུ་དྲི་མིང་བ་ཕུལ་བས་སྒྲིབ་པ་སྦྱོང་བ་དང༌། ཆུ་ལྟོ་ལ་མི་གནོད་པ་ཕུལ་བས་ལུས་ལ་ནད་མི་འབྱུང་བ་དང༌། ཆུ་མགྲིན་པ་ལ་མི་གནོད་པ་ཕུལ་བས་ངག་སྙན་པ་བཅས་ཀྱི་ཕན་ཡོན་བརྒྱད་འབྱུང་བར་གསུངས་སོ། །ཡན་ལག་ཅེས་པ་ཡོན་ཏན་ལའང་འཇུག་པས། ཡོན་ཏན་བརྒྱད་ལྡན་གྱི་ཆུ་ཞེས་པའི་དོན་ནོ། །སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༡༡༢བ༢ལས། གོང་གི་མཆིམས་མཛོད་ཀྱི་ལུང་དེ་འདུལ་བ་ལུང་གི་ཚིག་ཡིན་པར་གསུངས་སོ། །