8719

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡར་ཀན
Tibetan Definition རྒྱ་མིས་ཤིན་ཅང་ Xinjiang ཞེས་འབོད་པའི་ཡུལ་དེའི་ནུབ་མཐར་ཡོད་པའི་གྲོང་ཁྱེར་ཞིག ཡར་ཁྱེན་ Yarkand ནི་དེང་སང་ཤིན་ཅང་རང་སྐྱོང་ལྗོངས་ཀྱི་ Kashgar ཀཤ་གར་ཞེས་པའི་གྲོང་ཁྱེར་དེ་དང་ཉེ་བར་ཆགས་ཡོད། མར་ཀོ་པོ་ལོའི་ལམ་ཡིག་ནང་ Yarcan ཞེས་བྲིས་འདུག འདི་རུ་སྔ་མོ་ནུབ་ཕྱོགས་དང་ཤར་རྒྱ་ནག་གི་དབར་གྱི་ཚོང་གི་འགྲུལ་ལམ་གལ་ཆེན་ཞིག་ཀྱང་འཁེལ་གྱི་ཡོད། དེ་ལ་གོས་ཆེན་གྱི་ཚོང་ལམ་ The Silk Road ཟེར། གོས་ཆེན་གྱི་ཚོང་ལམ་འདི་ནི་གནའ་བོ་དུས་རབས་བདུན་པའི་ནང་ཐང་རྒྱལ་རབས་ཀྱི་སྐབས་ནས་ཧ་ཅང་རྒྱུ་འགྲུལ་ཆེ་བའི་ཚོང་ལམ་གལ་ཆེན་ཞིག་ཡིན་པ་རེད། ཡང་དུས་རབས་བཅུ་གསུམ་པའི་ནང་ཨི་ཀྲ་ལིའི་མི་རིགས་མར་ཀོ་པོ་ལོ་ཞེས་པའི་ཚོང་པ་དེ་ཡང་གྲོང་ཁྱེར་དེར་སླེབས་ཤིང༌། ཁོང་གིས་གྲོང་ཁྱེར་འདིའི་འགྲེལ་བཤད་ལ། ཡར་ཁྱེན་ནི་ཡིད་དུ་འོང་བའི་ལྡུམ་ར་སྣ་ཚོགས་ཀྱིས་བརྒྱན་ཅིང༌། འགྲོ་བ་མིས་ཅི་འདོད་ཀྱི་ཤིང་ཐོག་སྣ་ཚོགས་ཀྱི་ཐོན་སྐྱེད་ཡོད་པའི་ས་ཐང་རྒྱ་ཆེན་པོས་བསྐོར་བའི་གྲོང་ཁྱེར་ཞིག་རེད་ཅེས་བརྗོད་ཡོད། དེའི་མི་རིགས་ཕྱེད་ནི་ཡེ་ཤུ་དང་ཕྱེད་ནི་ཁ་ཆེའི་ཆོས་ལུགས་པ་ཡིན་ཅིང༌། འདི་ནི་ཀུབ་ལེའི་ཁཱན་གྱི་ཚ་པོའི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཞིག་རེད། ཅེས་མར་ཀོ་པོ་ལོའི་ལམ་ཡིག TRAVELS OF MARCO POLO ནང་གསལ། ཡར་ཀན་ནི་སྔ་མོ་ནས་མངའ་རིས་ལ་དྭགས་ཕྱོགས་དང་ཚོང་འགྲུལ་ཡོད་པའི་ལུང་པ་ཞིག་ཡིན་པར་དེབ་ཐེར་དཀར་པོར་བཤད། དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོའི་ནང་ཡར་ཀན་དང༌། ཞྭ་སྒབ་པའི་རྒྱལ་རབས་ནང་ཡར་ཁྱེན་ཞེས་བྲིས་ཡོད།