8741

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡི་དྭགས
Tibetan Definition <པྲེ་ཏ> (མཛོད) 1 བཀྲེས་སྐོམ་གྱི་སྡུག་བསྔལ་གྱིས་ཤིན་ཏུ་མནར་བའི་ངན་སོང་བ། ཡི་དྭགས་ཀྱི་གནས་དེ་གང་དུ་ཡོད་ཅེ་ན། ཡི་དྭགས་ཀྱི་གནས་ཀྱི་རྩ་བ་དེ་འཛམ་བུ་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱའི་མཚམས་ན་ཡོད་ཅིང་། ཡི་དྭགས་ཁ་འཐོར་བའི་གནས་ནི་ཐང་དང་ཆུ་དང་ནམ་མཁའ་སོགས་ལྷ་མིའི་གནས་རྣམས་སུའང་ཡོད་པར་བཤད་དོ། །མཛོད་འགྲེལ་ལས། ཡི་དྭགས་རྣམས་ཀྱི་རྒྱལ་པོ་ནི་གཤིན་རྗེ་ཞེས་བྱ་བ་ཡིན་ནོ། །དེ་དག་གི་གནས་ཀྱི་རྩ་བ་རྒྱལ་པོའི་ཁབ་ནས། འཛམ་བུའི་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱས་བཅད་པ་ན་ཡོད་དེ། གཞན་ནི་དེ་ལས་འཕྲོས་པ་དག་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །མཆིམས་མཛོད་ལས་ཀྱང་། ཡི་དྭགས་ཀྱི་གནས་ཀྱི་རྩ་བ་ (ནི་རྒྱ་མཚོ་ཆེན་པོ་ཡིན་ལ་དེ་དག་གི) རྒྱལ་པོའི་ཁབ་ནི་འཛམ་བུའི་གླིང་འདི་ཉིད་ཀྱི་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན་ཡི་དྭགས་ཀྱི་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་ཡོད་དེ། དེ་ན་ཡི་དྭགས་ཀྱི་གཙོ་བོ་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཞེས་བྱ་བ་འཕེན་བྱེད་མི་དགེ་བས་བྱས་ཤིང་རྫོགས་བྱེད་དགེ་བས་བྱས་པ་ལྷའི་དཔལ་ལྟ་བུ་མྱོང་བ་ཞིག་ཡོད་དོ། ། (ཁ་འཐོར་བ་ནི་ལྷ་མིའི་གནས་ནའང་ཡོད་དེ། ཐང་དང་ཆུ་དང་ནམ་མཁའི་སྤྱོད་ཡུལ་པ་དག་ཡིན་ནོ། །རྒྱལ་པོ) དེའི་འཁོར་ན་ཡི་དྭགས་ཀྱི་རིས་སུམ་ཅུ་རྩ་དྲུག་ཡོད་པར་དྲན་པ་ཉེར་གཞག་ལས་བཤད་དེ། འདི་ལྟར། ལྟོ་གུག་ཁ་ཁབ་ལྟར་ཕྲ་དང་། །བཤང་ཟ་ཀུན་སྟོན་དྲི་ཟ་དང་། །ཆོས་ཟ་སྦྱིན་པ་ཟ་བ་དང་། །ཆུ་འཐུང་བསམ་པས་འཚོ་བ་དང་། །མཆིལ་མ་ཟ་དང་ཕྲེང་པ་ཟ། །ཁྲག་ཟ་ཤ་ཟ་བདུག་པ་ཟ། །དྲག་ཤུལ་སྤྱོད་དང་གླགས་ལྟ་དང་། །ས་འོག་གནས་དང་མཐུ་བོ་ཆེ། །མཚན་མོ་ལུས་འབར་མི་གླགས་ལྟ། །འདོད་གཟུགས་གླིང་བར་གནས་པ་དང་། །གཤིན་རྗེའི་དབྱུག་པ་བྱིས་པ་ཟ། །ཚངས་སྲིན་འབྲུ་ཡི་ཤུན་པ་ཟ། །མི་གཙང་ཟ་དང་ལམ་ཆེན་གནས། །མང་དུ་ཟ་དང་མེ་མདག་ཟ། །དུག་ཟ་དགོན་པར་གནས་པ་དང་། །དུར་ཁྲོད་གནས་དང་ཤིང་ལ་གནས། །ལམ་གྱི་བཞི་མདོར་གནས་པ་དང་། །བདུད་ཀྱི་སྡེ་སྟེ་སུམ་ཅུ་དྲུག །ཅེས་བྱ་བ་དག་ཡིན་ནོ། །དབང་དོན་དེ་ཉིད་ཡང་གསལ་༦༥བ༢ནའང་དེའི་སྐོར་གསལ་ཞིང་། ཡི་དྭགས་སོ་དྲུག་རེ་རེའི་འགྲེལ་བཤད་བཀའ་ཐང་སྡེ་ལྔའི་ལོ་པཎ་བཀའི་ཐང་ཡིག་༥༦༣དུ་གསལ་བར་བཤད་ཡོད་པ་ལས་ཤེས་པར་བྱའོ། །རྒྱས་པར་མཆིམས་མཛོད་དེབ་གཟུགས་༢༩༤རུ་གསལ་ལོ། །ངེས་ཚིག་ནི། པྲེ་ཏ་ཞེས་པ་པྲེ་དང་ཨི་ཏ་མཚམས་སྦྱར་བ་ལས། པྲ་རབ་དང་ཨི་ཏ་སོང་བ་སྟེ་དབུགས་རབ་ཏུ་སོང་བ་སྟེ། ཤི་བ་ཞེས་པའི་དོན་ཡིན། ཀྱེ་རྡོར་གྱི་འགྲེལ་པར་གཞི་བྱས། སྒྲ་བཤད་ནི། བཟའ་བཏུང་ཡིད་ལ་བཏགས་པའམ་ཡིད་ལ་འཆང་བའམ་བཅང་བས་ཡི་དྭགས་ཞེས་བྱའོ། །མཆིམས་མཛོད་ལས། ཟས་སྐོམ་ཡིད་ལ་བཏགས་པའམ་དེར་སོང་བ་རྣམས་ཕྱིར་མི་ལྡོག་པས་སམ། སྐོམ་པ་དང་ལྡན་པས་ཡི་དྭགས་ཏེ་པྲེ་ཏ་ཞེས་བྱ་བའི་དོན་ནོ། །ཞེས་གསུངས། འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཤེས་བྱ་རབ་གསལ་༩ན་༢ལས། ཟས་ཡིད་ལ་བཏགས་པས་ན་ཡི་དྭགས་སོ། །ཞེས་གསུངས། གཞན་ཡང་ལོ་པཎ་བཀའི་ཐང་ཡིག་༥༦༣ལས། ངོ་བོ་བཀྲེས་འཕོངས་སྡུག་བསྔལ་བ༔ ངེས་ཚིག་ཟས་སྐོམ་ཡིད་ལ་བཏགས༔ ཞེས་གསུངས་པ་ལྟར་རོ། །ཡི་སྐད་གསར་བཅད་ཀྱི་སྐབས་ད་ཡིག་ཕྱིས་པ་ཙམ་ལས་ཡིད་དང་དོན་གཅིག དཔེར་ན་ཡི་དམ་ཞེས་པ་ལྟ་བུ། ཡི་དྭགས་ཞེས་པའི་དྭགས་ནི་བཏགས་པའི་དོན་ཡིན་ལ། བཏགས་པ་ལ་ཡང་གོ་དོན་འགའ་ཡོད་ཀྱང་། ཐུགས་ལ་བཏགས་ཞེས་པ་ལྟ་བུ་ཐུགས་ལ་མངའ་བ་དང་། སེམས་སམ་ཡིད་ལ་འཁོར་བའམ་འཆང་བའམ་བཅང་བ། ལྡན་པ། ཡོད་པ། བྱེད་པ། ཉར་བ་བཅས་ཀྱི་དོན་ལ་གོ་དགོས། ཡང་བཏགས་པ་ནི་ཡོངས་གྲགས་ལྟར་འདོགས་པའི་དོན་ཏེ། དཔེར་ན་ཚིག་བླ་དྭགས་ཞེས་པ་ལྟ་བུའོ། །ཡང་། དྭགས་ཞེས་པ་གནས་པ། རྒྱུགས་པ། བྲོས་པ། རྒྱུ་བའམ་འགྲོ་བ། སོང་བ་བཅས་ཀྱི་དོན་ཡིན་ནམ་སྙམ་སྟེ། དཔེར་ན་རི་ལ་འགྲོ་བའམ་རྒྱུ་བས་ན་རི་དྭགས། ཡང་ན་རི་ལ་གནས་པས་ན་རི་དྭགས་ཞེས་པ་ལྟ་བུ། ད་དུང་དཔྱད་དོ། །འདུལ་བ་ལུང་གཞི་སོགས་ཡིག་རྙིང་རྣམས་སུ། ཡི་དགས། རི་དགས། བླ་དགས་སོགས་ལ་ཝ་ཟུར་མེད་ལ། ཕྱིས་སུ་མཁས་པ་རྣམས་ཀྱིས་མིང་གཞིའི་ད་ཡིག་སྔོན་འཇུག་ཏུ་བཀླག་པའི་ནོར་བ་སྤོང་བའི་ཕྱིར་ཝ་ཟུར་བསྣན་ཏོ། །2 ཡི་དྭགས་ནི་ཕྱོགས་གཅིག་རྐང་པའི་སོར་མོ་ཕྱིར་ལྟ་བ་དང་། ཞེས་རྗེའི་མདོ་རྩའི་ཟིན་བྲིས་ལས་གསུངས་པ་ལྟར་རོ། །