8752

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡིག་བརྒྱ
Tibetan Definition (གསང་སྔགས) རྡོ་རྗེ་སེམས་དཔའི་སྔགས། འདི་ཐེངས་ཉེར་གཅིག་རེ་བཏོན་ན་ལྟུང་བའི་འཕེལ་ཁ་ཆག་ཅིང་འབུམ་ཕྲག་བཟླས་ན་ལྟུང་བ་དག་པར་གསུངས་ཏེ། སྙིང་པོ་རྒྱན་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༡༦བ༡ཏུ་དྲངས་པ་ལས། ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་གྱུར་པས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་རྣམས་སུ་སྤྱད་པར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་དང་། ཡང་མཁས་གྲུབ་ཆོས་རྗེའི་གསུང་ཐོར་བུ་༡༨༥ན༣ལས། ཡི་གེ་བརྒྱ་པའི་བཟླས་པ་གཙོ་བོར་ཐུན་མཚམས་སུ་བྱེད་པ་སྙིང་པོ་རྒྱན་ལ་སོགས་པའི་རྒྱ་གཞུང་ཚད་ལྡན་དུ་མའི་དགོངས་པ་ཡིན། ཐུན་འགོ་ལ་བྱེད་པ་ཕུན་སུམ་ཚོགས་པའི་ཡན་ལག་ཙམ་མ་གཏོགས་ངེས་པར་དགོས་པའི་ཡན་ལག་ཏུ་མི་བཞེད་པས་རྒྱུན་ལྡན་གྱི་ཉམས་ལེན་ལ་ཡོད་མེད་ཇི་ལྟར་བྱས་ཀྱང་། ལྟུང་བ་འཕེལ་བ་འགོག་པ་དང་། སྔར་ཡོད་སྦྱང་བའི་ཕྱིར་ཐུན་མཚམས་སུ་ཡི་གེ་བརྒྱ་པ་བཟླས་པ་ལ་འབད་པ་གལ་ཆེ་བ་ཡིན། ཞེས་གསུངས་སོ། །ལེགས་སྦྱར་གྱི་སྐད་དུ། བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲཌྷོ་མེ་བྷཱ་བ། སུ་ཏོ་ཥྱོ་མེ་བྷཱ་བ། ཨ་ནུ་རཀྟོ་མེ་བྷཱ་བ། སུ་པོ་ཥྱོ་མེ་བྷཱ་བ། སརྦ་སིད་དྷི་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡ་ཀུ་རུ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྪ། བཛྲཱི་བྷཱ་བ། མཧཱ་ས་མ་ཡ་སཏྭ། (དོགས་གཅོད། ཞལ་རྒྱུན་ལ་ཡིག་བརྒྱའི་མཇུག་ཏུ། ཧཱུྃ་ཕཊ་གཉིས་སྦྱར་ནས་འདོན་པར་བྱེད་པས་བརྒྱ་དང་གཉིས་སུ་འགྱུར་བས། ཡིག་བརྒྱ་ཞེས་པ་ཡིག་འབྲུ་བརྒྱ་ཡོད་པའི་རྒྱུ་མཚན་གྱིས་མིན་ནམ་ཞེ་ན། དངུལ་ཆུའི་གསུང་དྲིས་ལན་༡༡༤ལས། འོ་ན་གཉིས་ལྷག་པ་དེ་སྐྱོན་ཡིན་ནམ་ཞེ་ན། ངེས་པ་མེད་དོ། །བཀྲས་ལྷུན་སྔགས་ཆེན་དམ་ཆོས་དཔལ་འབྱོར་གྱི་རྡོར་སེམས་བསྒོམ་བཟླས་འཁྲིད་ཡིག་ལས། ཧཱུྃ་དང་ཕཊ་གཉིས་ཡི་གེ་བརྒྱ་པའི་གྲངས་སུ་མི་འགྲོ་ཡང་སྦྱར་བ་ལེགས་ལ། དོན་གྱི་ཧཱུྃ་གིས་སྤང་བྱ་ཉོན་མོངས་པ་དེས་ཀུན་ནས་བསླངས་པ་ལས་འཇོམས་པར་མཚོན་ཞིང་། ཕཊ་ཀྱིས་རྒྱུ་ལས་ཉོན་གྱིས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་འཇོམས་པར་མཚོན་ཏེ། ཞེས་སོགས་གསུངས་པས་སོ། །ཞེས་གསུངས) བོད་སྐད་དུ་བསྒྱུར་ན། རྡོ་རྗེ་སེམས་དཔའ་དམ་ཚིག་རྗེས་སུ་སྐྱོངས་ཤིག རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཉེ་བར་གནས་པར་མཛོད། བདག་ལ་བརྟན་པའི་དངོས་པོར་མཛོད། བདག་ལ་ཤིན་ཏུ་དགྱེས་པའི་དངོས་པོར་མཛོད། བདག་ལ་རྗེས་སུ་ཆགས་པའི་དངོས་པོར་མཛོད། དངོས་གྲུབ་ཐམས་ཅད་བདག་ལ་རབ་ཏུ་སྩོལ། ལས་ཐམས་ཅད་ལ་ཡང་བདག་གི་སེམས་དགེ་བར་མཛོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བདག་མ་གཏོང་ཞིག རྡོ་རྗེ་ཅན་གྱི་དངོས་པོར་མཛོད་དམ་ཚིག་སེམས་དཔའ་ཆེན་པོ། ཞེས་པའོ། །དེ་ཡང་ཐོག་མཐའ་བར་གསུམ་གྱི་ༀ་ཨཱཿཧཱུྃ་གསུམ་དང༌། ཧ་བཞི་དང་ཧོ་སྟེ་ལྔ་ནི། བོད་སྐད་དུ་བསྒྱུར་རྒྱུ་མེད་ཀྱང་རྡོ་རྗེ་གསུམ་དང་ཡེ་ཤེས་ལྔའི་མཚོན་བྱེད་ཡིན་པར་གསུངས། ལྷག་མ་ཡི་གེ་གོ་གཉིས་ལའང་བསྒྱུར་ལུགས་མང་དུ་ཡོད་ཀྱང་ལེགས་ཆ་བསྡུས་ནས་བསྒྱུར་ན། བཛྲ་རྡོ་རྗེ། སཏྭ་སེམས་དཔའ། ས་མ་ཡ་དམ་ཚིག མ་ནུ་རྗེས་སུ། པཱ་ལ་ཡ་སྐྱོངས་ཤིག་ཅེས་དང༌། བཛྲ་རྡོ་རྗེ། སཏྭ་སེམས་དཔའ། ཏྭེ་ནོ་ཉིད་ཀྱིས། ཨུ་པ་ཉེ་བར། ཏིཥྛ་གནས་པར་མཛོད་དེ། རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཉེ་བར་གནས་པར་མཛོད། ཅེས་དང༌། དྲཌྷོ་བརྟན་པ། མེ་བདག་ལ། བྷཱ་བ་དངོས་པོར་མཛོད་དེ། བདག་ལ་བརྟན་པའི་དངོས་པོར་མཛོད། ཅེས་དང༌། སུ་ཤིན་ཏུ། ཏོ་ཥྱོ་དགྱེས་པ། མེ་བདག་ལ། བྷཱ་བ་དངོས་པོར་མཛོད་དེ། བདག་ལ་ཤིན་ཏུ་དགྱེས་པའི་དངོས་པོར་མཛོད། ཨ་ནུ་རྗེས་སུ། རཀྟོ་ཆགས་པ། མེ་བདག་ལ། བྷཱ་བ་དངོས་པོར་མཛོད། བདག་ལ་རྗེས་སུ་ཆགས་པའི་དངོས་པོར་མཛོད། ཅེས་དང༌། སུ་ཤིན་ཏུ། པོ་ཥྱོ་རྒྱས་པ། མེ་བདག་ལ། བྷཱ་བ་དངོས་པོར་མཛོད་དེ། བདག་ལ་ཤིན་ཏུ་རྒྱས་པའི་དངོས་པོར་མཛོད། ཅེས་དང༌། སརྦ་ཐམས་ཅད། སིད་དྷི་དངོས་གྲུབ། མེ་བདག་ལ། པྲ་རབ་ཏུ། ཡཙྪ་སྩོལ་ཏེ། དངོས་གྲུབ་ཐམས་ཅད་བདག་ལ་རབ་ཏུ་སྩོལ། ཅེས་དང༌། སརྦ་ཐམས་ཅད། ཀརྨ་ལས། སུ་ཙ་ལ་ཡང༌། མེ་བདག་གི ཙིཏྟཾ་སེམས། ཤྲཱི་ཡ་དགེ་བར། ཀུ་རུ་མཛོད་དེ། ལས་ཐམས་ཅད་ལ་ཡང་བདག་གི་སེམས་དགེ་བར་མཛོད། ཅེས་དང༌། བྷ་ག་ཝཱན་བཅོམ་ལྡན་འདས། སརྦ་ཐམས་ཅད། ཏ་ཐཱ་དེ་བཞིན། ག་ཏ་གཤེགས་པ། བཛྲ་རྡོ་རྗེ། མ་མེ་མུཉྪ་བདག་མ་གཏོང་ཞིག་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བདག་མ་གཏོང་ཞིག ཅེས་དང༌། བཛྲཱི་རྡོ་རྗེ་ཅན། བྷཱ་བ་དངོས་པོར་མཛོད། མཧཱ་ཆེན་པོ། ས་མ་ཡ་དམ་ཚིག སཏྭ་སེམས་དཔའ་སྟེ། རྡོ་རྗེ་ཅན་གྱི་དངོས་པོར་མཛོད་དམ་ཚིག་སེམས་དཔའ་ཆེན་པོ། ཞེས་པའོ། །པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་བཞིན་བཀོད། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱི་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ་ཚུལ་ལས་ཀྱང་དེའི་སྔགས་དོན་གསུངས་ཡོད།