From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཡིད་དཔྱོད
|
Tibetan Definition
|
ཚད་མ་རིགས་རྒྱན་ལས། རྟགས་ཡང་དག་ལ་མ་བརྟེན་པར་སྔར་མ་རྟོགས་པའི་ལྐོག་གྱུར་འཛིན་པའི་བློ། ཡིད་དཔྱོད་ཀྱི་མཚན་ཉིད། དཔེར་ན་ཁྲོན་པ་རྙིང་པ་ན་ཆུ་ཡོད་དམ་སྙམ་དུ་འཛིན་པའི་བློ་ལྟ་བུའོ། །ཞེས་གསུངས། རང་ཡུལ་ལ་ཞེན་པའི་བསླུ་བའི་ཞེན་རིག་དོན་མཐུན། ཡིད་དཔྱོད་ཀྱི་མཚན་ཉིད་དུ་ཡོངས་འཛིན་བློ་རིག་ཏུ་གསུངས། ངེས་དོན་གྱི་མཁས་པའི་དབང་པོ་རིགས་སློབ་དབུ་འཛིན་རྒན་བློ་བཟང་རྒྱ་མཚོའི་བློ་རིག་ལས། མྱོང་བ་དང་རྟེན་རྟགས་ཡང་དག་གང་ལ་ཡང་མ་བརྟེན་པར་རང་ཡུལ་བདེན་པ་མཐའ་གཅིག་ཏུ་གསར་དུ་ངེས་པའི་ཞེན་རིག་དེ། ཡིད་དཔྱོད་ཀྱི་མཚན་ཉིད་དུ་གསུངས། མཚན་ཉིད་ཀྱི་ཚིག་ཟུར་གྱི་མྱོང་བ་ཞེས་པས་མངོན་སུམ་ཡིད་དཔྱོད་ཡིན་པ་གཅོད། རྟགས་ཡང་དག་ལ་མ་བརྟེན་ཞེས་པས་རྗེས་དཔག་གཅོད། རང་ཡུལ་བདེན་པ་ཞེས་པས་ལོག་ཤེས་གཅོད། མཐའ་གཅིག་ཏུ་ཞེས་པས་ཐེ་ཚོམ་གཅོད། གསར་དུ་ཞེས་པས་བཅད་ཤེས་གཅོད། ངེས་པ་ཞེས་པས་སྣང་ལ་མ་ངེས་པ་གཅོད་དོ། །མཚན་ཉིད་འདི་གོ་རྒྱུ་ཆེ། འོན་ཀྱང་འདི་ལ་དོགས་པ་འདི་ལྟར་ཡོད་དེ། དེ་ལྟར་ན་ཡིད་དཔྱོད་རྟོགས་པ་ལ། མངོན་རྗེས་གཉིས། ལོག་ཤེས། ཐེ་ཚོམ། བཅད་ཤེས། སྣང་ལ་མ་ངེས་པའི་བློ་དང་ཡིད་དཔྱོད་དེ་བློ་རིག་བདུན་པོ་ཐམས་ཅད་ཀྱི་དོན་རྟོགས་དགོས་པར་ཐལ་བའི་སྐྱོན་དང་། མཚན་ཉིད་ཚིག་ཚོགས་ཧ་ཅང་ཆེ་ཞིང་ཟུར་མང་བས་ཞེན་རིག་ཅེས་སྨོས་པ་ལ་དམིགས་ཀྱིས་བསལ་བའི་དགོས་པ་ལྷག་པོ་མ་མཐོང་ངོ་། །སྒྲ་བཤད་ནི། རང་ཡུལ་ལ་ཡིད་ཆེས་ཙམ་གྱིས་འཇུག་ཅིང་དཔྱོད་པའི་ཤེས་པ་ཡིན་པས་ན་དེ་སྐད་ཅེས་བྱའོ། །སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ་ཞེས་བྱ་བ་སྡེ་དགེ་བསྟན་འགྱུར་ཤེར་ཕྱིན༼ ཉ ༽༡༡༧ན༦ལས། ཤེས་རབ་ནི་སྤྱིར་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་ཡིན་ནོ། །དེའི་ཕ་རོལ་ནི་མོས་པས་སྤྱོད་པའི་གནས་སྐབས་ན་ནི་ཆོས་ཐམས་ཅད་བདག་མེད་པར་ཡིད་ཆེས་པ་ཡིན་ནོ། །ཞེས་གསུངས་པ་འདི་ཡིད་དཔྱོད་ཀྱི་སྒྲ་བཤད་ཀྱི་ཁུངས་ཡིན་པར་སྣང་ངོ་། །
|