From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ཡུམ་སྒྱུ་མ་ལྷ་མཛེས
|
| Tibetan Definition
|
(འདུལ་བ) བདག་ཅག་གི་སྟོན་པའི་མ་ཡུམ། འདི་ལ་ལྷ་མོ་སྒྱུ་འཕྲུལ་ཞེས་ཀྱང་བྱ་ཞིང་། ལེགས་སྦྱར་དུ་ “མཱ་ཡཱ་དེ་ཝཱི” ཟེར། ཡབ་རྒྱལ་པོ་ལེགས་པར་རབ་སད་ལས་སྲས་མོ་སྒྱུ་འཕྲུལ་དང་། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི་སྲས་མོ་གཉིས་ཡོད་པའི་ཕྱི་མ་དེ་ཡིན། སྒྲ་བཤད་ནི། སྒྱུ་མ་མཁན་གྱིས་ཆེད་དུ་གཉེར་ནས་སྤྲུལ་པའི་བུད་མེད་དམ་ལྷ་མོ་དང་མཛེས་སྡུག་མཚུངས་པས་སྒྱུ་མ་ལྷ་མཛེས་སམ་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཞེས་བྱའོ། །པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ལང་ཚོ་པདྨ་གསལ་བ་འདི། །དཔེ་ཟླ་སྤངས་ཤིང་སྒྱུ་མ་ཡིས། །ཆེད་དུ་ལྷག་པར་སྤྲུལ་པ་བཞིན། །དེ་ཕྱིར་སྒྱུ་མ་ལྷ་མཛེས་སམ། །ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཞེས། །ཕྱོགས་ཀུན་སྒྲ་འཛིན་རྒྱན་དུ་བྱས། །ཞེས་གསུངས་པ་ལྟར་རོ། །འདུལ་བ་ལུང་གཞི་ལས། སྒྱུ་འཕྲུལ་པས་འདི་ལྷག་པར་གཟུགས་བཟང་བས་དེ་བས་ན་སྒྱུ་འཕྲུལ་ཆེན་མོ་ཞེས་བགྱི་བར་གདགས་སོ་ཞེས་གསུངས་སོ། །དོགས་གཅོད། རྒྱ་ཆེར་རོལ་པའི་མདོ་དང་། དེབ་ཐེར་དམར་པོ་༦ལས། བྱང་ཆུབ་སེམས་དཔའ་བལྟམས་ནས་ཞག་བདུན་ན་ཡུམ་འདས་ཏེ། སུམ་ཅུ་རྩ་གསུམ་དུ་སྐྱེས་སོ། །ཞེས་གསུངས་པ་དང་། སྐྱེ་དགུའི་བདག་མོ་བདག་ཅག་གི་སྟོན་པའི་མ་ཡུམ་ཡིན་པ་ལྟ་བུར་གསུངས་པ་གཉིས་མི་འགལ་བའི་ཚུལ་ཇི་ལྟར་ཡིན་ཞེ་ན། ཡུམ་སྒྱུ་མ་ལྷ་མཛེས་འདས་ནས་ཡུམ་ཚབ་ཏུ་སྐྱེ་དགུའི་བདག་མོ་གྱུར་པ་ཡིན་ལ། འདི་ཕྱིས་རབ་ཏུ་བྱུང་ཞིང་། སྐྱེ་དགུའི་བདག་མོའི་རྟོགས་བརྗོད་ཅེས་པའང་འདིའི་རྟོགས་བརྗོད་ཡིན་པས་མི་འགལ་ལོ། །
|