8874

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་ལྔ
Tibetan Definition 1 (འབྲས་དུས་ཀྱི་ཡེ་ཤེས་ལྔ) འབྲས་བུ་སངས་རྒྱས་ཀྱི་སའི་ཡེ་ཤེས་ལྔ་ལས། དང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ནི། ཆོས་ཐམས་ཅད་མེ་ལོང་ལ་གཟུགས་བརྙན་འཆར་བ་བཞིན་དུ་ཅིག་ཅར་དུ་གསལ་བར་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་ཟེར། མཉམ་ཉིད་ཡེ་ཤེས་ནི། སངས་རྒྱས་དང་སེམས་ཅན་གཉིས་བདག་མེད་པར་མཉམ་པ་ཉིད་དུ་རྟོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་ཟེར། སོར་རྟོག་ཡེ་ཤེས་ནི། ཆོས་ཐམས་ཅད་པདྨའི་འདབ་མ་ལྟར་མ་འདྲེས་པར་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་ཟེར། བྱ་སྒྲུབ་ཡེ་ཤེས་ནི། བདག་གཞན་གྱི་སྒོ་གསུམ་གྱི་བྱ་བ་རྣམས་རྫོགས་པར་སྒྲུབ་པར་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་ཟེར། ཡང་ན་དཀོན་མཆོག་གསུམ་གྱི་བསྟོད་པ་འགྲེལ་པ་རྒྱ་གར་གྱི་སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པ་ལས་བཤད་པ་ལྟར། འགྲོ་བ་རྣམས་གདུལ་བའི་བྱ་བ་གང་ཡིན་པ་མ་ལུས་པ་མཛད་པར་མཁྱེན་པའི་ཡེ་ཤེས་ལ་ཟེར་རོ། །སེམས་ཅན་གྱི་རྒྱུད་ཀྱི་ཆོས་དབྱིངས་རྟོགས་པའི་ཡེ་ཤེས་དེ་ཉིད་དྲི་མ་དང་བྲལ་བ་ན། ཆོས་དབྱིངས་ཡེ་ཤེས་ཟེར་རོ། །རྗེའི་རིམ་ལྔ་གསལ་སྒྲོན་ལས། དེ་རྣམས་ནི་མེ་ལོང་ལ་གཟུགས་བརྙན་སྣང་བ་བཞིན་དུ་དངོས་པོ་མ་ལུས་པ་ཅིག་ཅར་ཤེས་པ་དང༌། རྐང་མེད་སོགས་བཞིའི་སེམས་ཅན་རྣམས་ཀྱང་སེམས་ཙམ་མོ་ཞེས་རྣམ་པ་གཅིག་ཏུ་རྟོགས་པ་དང༌། ཕྱི་ནང་གི་དངོས་པོ་རྣམས་སོ་སོར་ཕྱེ་སྟེ་བརྟགས་ན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་ཤེས་ནས། ཆོས་ཐམས་ཅད་ཀྱི་ཆ་ཤས་འདི་དག་གོ་ཞེས་པདྨའི་འདབ་མ་ལྟར་སོ་སོར་རྟོག་ཅིང༌། དོགས་པ་མེད་པར་གནས་པ་དང༌། བདག་གཞན་གྱི་སྒོ་གསུམ་གྱི་བྱ་བ་རྣམས་རྫོགས་པར་སྒྲུབ་པ་དང༌། སྒོ་གསུམ་གྱི་སྒྲིབ་པ་དག་ཅིང་ལས་ཉོན་ལས་གྲོལ་ཏེ། དགེ་མི་དགེའི་བག་ཆགས་རྣམས་སྦྱངས་པར་སྤྱོད་བསྡུས་ལས་གསུངས་པ་ནི་འབྲས་བུའི་སྐབས་ཀྱི་ཡེ་ཤེས་ལ་དགོངས་ལ། ཞེས་གསུངས། འདི་དག་གི་ལེགས་སྦྱར་གྱི་སྐད་དོད་རྣམས་བྱེ་བྲག་རྟོགས་བྱེད་ཆེན་མོ་༣ན་ལ་གསལ་ལོ། །