8875

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་ལྔ
Tibetan Definition 2 (རྒྱུ་དུས་ཀྱི་ཡེ་ཤེས་ལྔ) རྒྱུ་སེམས་ཅན་གྱི་གནས་སྐབས་ཀྱི་ཡེ་ཤེས་ལྔ་ལས། དང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ནི། མེ་ལོང་ལ་གཟུགས་བརྙན་གསལ་བ་ལྟར་ཡུལ་རྣམས་གསལ་བར་སྣང་བའི་སེམས་ཅན་གྱི་ཤེས་པ་ལ་ཟེར། མཉམ་ཉིད་ཡེ་ཤེས་ནི། ཚོར་བ་གསུམ་མྱོང་བའི་རང་བཞིན་དུ་རིགས་གཅིག་པར་རྟོགས་པའི་སེམས་ཅན་གྱི་ཤེས་པ་ལ་ཟེར། སོར་རྟོག་ཡེ་ཤེས་ནི། ཕ་མ་ལ་སོགས་པའི་འགྲོ་བ་རྣམས་ཀྱི་མིང་སོ་སོར་དྲན་པའི་ཤེས་པ་ལ་ཟེར། བྱ་སྒྲུབ་ཡེ་ཤེས་ནི། འཇིག་རྟེན་པའི་བྱ་བ་དང་དགོས་པ་རྣམས་དྲན་པའི་ཤེས་པ་ལ་ཟེར། ཆོས་དབྱིངས་ཡེ་ཤེས་ནི། དྲི་མ་སྤངས་ན་གནས་འགྱུར་རུང་གི་ཡིད་ཀྱི་དབང་པོའི་ངོ་བོ་ལ་བྱའོ། །དེ་ཡང་རྗེའི་རིམ་ལྔ་གསལ་སྒྲོན་ལས། རྣམ་གཞག་ལས་ཡེ་ཤེས་བཞིའི་ཐིམ་རིམ་བཤད་པའི་དགོངས་པ་ལྟར། མེ་ལོང་ལ་གཟུགས་བརྙན་གསལ་བ་ལྟར་ཡུལ་རྣམས་གསལ་བར་སྣང་བ་དང༌། ཚོར་བ་གསུམ་མྱོང་བར་རིགས་གཅིག་པའི་མཉམ་པ་ཉིད་དང༌། ཕ་མ་ལ་སོགས་པའི་འགྲོ་བ་རྣམས་ཀྱི་མིང་སོ་སོར་དྲན་པ་དང༌། འཇིག་རྟེན་པའི་བྱ་བ་དང་དགོས་པ་རྣམས་དྲན་པ་ནི་དང་པོ་བཞི་ཡིན་ལ། ལྔ་པ་ནི་དྲི་མ་སྤངས་ན་གནས་འགྱུར་རུང་གི་ཡིད་ཀྱི་དབང་པོའི་ངོ་བོ་ལ་བྱའོ། །ཞེས་གསུངས། རྒྱ་གར་གྱི་སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པའི་དཀོན་མཆོག་གསུམ་གྱི་བསྟོད་པའི་འགྲེལ་པ་བསྟན་འགྱུར་༼ ཀ་པ ༽༡༠༧ལས་ཀྱང་དེ་དང་ཕལ་ཆེར་འདྲ་བར་བཤད་དོ། །འོན་ཀྱང་ཆོས་དབྱིངས་ཡེ་ཤེས་མ་བཤད་དོ། །