8934

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོན་ཏན་འོད
Tibetan Definition (འདུལ་བ) རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ། དབྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞིའི་ནང་ཚན། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་ནི། ཡུལ་བཅོམ་བརླག་ཏུ་བྲམ་ཟེའི་རིགས་སུ་འཁྲུངས། རིག་བྱེད་དང་བསྟན་བཅོས་མཐའ་དག་ལེགས་པར་བྱང་བ་ཕྱིས་དེ་ཉིད་ཀྱི་གཙུག་ལག་ཁང་ཞིག་ཏུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་དྲུང་དུ་ཉན་ཐོས་ཀྱི་སྡེ་སྣོད་གསུམ་དང་། ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་ལ་མཁས་པར་སྦྱངས། འདུལ་བ་འབུམ་སྡེ་རྟག་ཏུ་ཐུགས་ལ་འདོན་པར་མཛད། རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པ། དེ་བཞིན་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོ་སྒྲུབ་པ། ཞེས་འབྱུང་བའི་ཡོན་ཏན་དང་ལྡན་པ་དེས། འདུལ་བ་མདོ་རྩ་བ་དང༌། ལས་བརྒྱ་རྩ་གཅིག་དང༌། བྱང་སའི་ཚུལ་ཁྲིམས་ལེའུའི་འགྲེལ་པ། འདུལ་བའི་མདོ་ལ་རང་འགྲེལ་ལ་སོགས་པ་མཛད་དོ། །ཚུལ་ཁྲིམས་རྣམ་པར་དག་པའི་སྟོབས་ཀྱིས་རྒྱལ་པོ་ཤྲཱི་ཧརྵའི་བློན་པོ་མ་ཏངྒ་རཱ་ཛཱ་ཞེས་བྱ་བ་ལན་ཅིག་རྒྱལ་པོའི་ཆད་པས་མིག་ཕྱུང་བ་ཡང་སློབ་དཔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སོར་ཆུད། ཡང་ལོ་རྒྱུས་གཞན་ཞིག་། ཐང་སན་ཙང་ལམ་ཡིག་ལས། གྲོང་ཁྱེར་དེའི་ལྷོ་ཕྱོགས་སུ་རྒྱང་གྲག་བཞི་ལྔ་ཙམ་གྱི་སར་གཙུག་ལག་ཁང་ཆུང་ངུ་ཞིག་ཡོད་པར་དགེ་འདུན་ལྔ་བཅུ་ལྷག་ཙམ་གནས་སོ། །འདི་ནི་སྔོན་སློབ་གུ་ཎ་པྲ་བྷ་སྟེ་ཡོན་ཏན་འོད་ཞེས་བྱ་བས་ཡང་དག་པའི་རྣམ་དབྱེ་ཟེར་བའི་བསྟན་བཅོས་བརྒྱ་ལྷག་མཛད་པའི་གནས་སོ། །སློབ་དཔོན་དེ་ནི་ཆུང་ངུ་ནས་རིག་པ་གསལ་ཞིང་དབང་པོ་རྣོ་བ་ཞིག་སྟེ། སྐུ་ན་སྨིན་པ་དང་བསླབ་སྦྱང་ལ་རྩལ་ཐོན་པ་ཡིན་ཀྱང༌། རྣམ་དཔྱོད་ཚད་དུ་མ་འཁྱོལ་བས་ལྷག་མཐོང་གི་སྐོར་ལ་ཐེ་ཚོམ་ཟོས་སྟེ་སླར་ཐེག་དམན་དུ་ལོག་པ། དེས་ཐེག་ཆེན་སུན་འབྱིན་པའི་བསྟན་བཅོས་གླེགས་བམ་བཅུ་ཕྲག་དུ་མ་དང༌། འཇིག་རྟེན་པའི་ལུགས་ཀྱི་བསྟན་བཅོས་ཀྱང་བཅུ་ཕྲག་དུ་མ་མཛད་ཀྱང་མ་ཚིམས་པར་ཐེ་ཚོམ་ཟོས་པས། དེ་དུས་དེ་བ་སེ་ན་སྟེ་ལྷའི་སྡེ་ཞེས་བྱ་བའི་སློབ་དཔོན་གྱིས་རྗེ་བཙུན་བྱམས་པ་བསྒྲུབས་པས་གྲུབ་ཏེ། དགའ་ལྡན་དུ་འགྲོ་འོང་བྱེད་པ་དགོས་པ་ཞིག་ལ་ཡོན་ཏན་འོད་གྲོགས་སུ་སྦྲན་ཏེ་ལྷན་དུ་དགའ་ལྡན་དུ་ཕྱིན་ཏེ་ཡོན་ཏན་འོད་བྱམས་མགོན་ལ་ཕྱག་མ་བཙལ་བར་འདུད་ཙམ་བྱས་པས། ལྷ་སྡེས་སྨྲས་པ། མ་ཕམ་པ་འདི་ནི་སྟོན་པའི་རྗེས་སུ་རྒྱལ་ཚབ་མཛད་པས་ཕྱག་འཚལ་བར་འོས་ཤིང་འདུད་ཙམ་མི་འོས་ཤེས་སྨྲས་པ་ལ། ཚུར་ལན་དུ་སྨྲས་པ། བཞིན་བཟང་འཁྲུལ་ལམ། ཁོ་བོ་རབ་ཏུ་བྱུང་བ་ཆོས་གོས་གསུམ་ལྡན་ལགས་སྟེ། མ་ཕམ་པ་འདོད་ལྷའི་ཆ་ལུགས་ཅན་ལ་ཕྱག་ཇི་ལྟར་འཚལ་ཟེར་བས་ལྷ་སྡེས་དེའི་ང་རྒྱལ་ལ་ཞེ་ལོག དེ་ལྟར་ལན་གསུམ་བསྐྱར་ཏེ་དགའ་ལྡན་དུ་འགྲོ་འོང་བྱས་ཀྱང་ཐེ་ཚོམ་སེལ་མ་ནུས་པས་ཚེ་དེ་ལ་གྲོལ་བ་མ་ཐོབ་ཟེར་རོ། །ཞེས་ཀྱང་གསལ་ལོ། །བུ་སྟོན་ཆོས་འབྱུང་དང་། ཏཱ་ར་ནཱ་ཐའི་ཆོས་འབྱུང་སོགས་ལ་གཞི་བྱས།