8936

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོན་ཏན་རིན་པོ་ཆེ་སྡུད་པ
Tibetan Definition (ཕར་ཕྱིན) མདོ་འདི་ཡུམ་སྲས་བཅུ་བདུན་གྱི་ནང་གསེས་ཀྱི་མདོ་སྡུད་པ་ཞེས་འབྱུང་བ་དེ་དང་དོན་གཅིག སྡུད་པ་ཞེས་ཀྱང་བྱའོ། །མདོ་འདི་ལ་རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་སཉྩ་ཡ་གཱ་ཐཱ། བོད་སྐད་དུ་«འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ»ཞེས་བྱ་བའོ། །མདོ་འདི་ལ་ཡོངས་གྲགས་སུ་ཡོན་ཏན་རིན་པོ་ཆེ་སྡུད་པ་ཞེས་བྱ་ལ། དེ་ཡང་མདོ་འདིའི་མཇུག་ཏུ། མིང་ནི་ཡོན་ཏན་རིན་ཆེན་སྡུད་པ་བྱང་ཆུབ་ལམ། །ལམ་འདི་སེམས་ཅན་ཀུན་གྱིས་ཐོབ་པར་བྱ་ཕྱིར་བཤད། །ཅེས་གསུངས་པ་ལས་ཐོགས་པའོ། །རྗེའི་ལམ་རིམ་ཆེན་མོར་མདོ་འདིའི་ལུང་འདྲེན་ཐེངས་གསུམ་ཙམ་གནང་ཡོད། སྒྲ་བཤད་ནི། འདི་ལ་སྡུད་པ་ཞེས་བརྗོད་པའི་རྒྱུ་མཚན་ནི། འདིས་ཡུམ་འབུམ་གྱི་དོན་ཐམས་ཅད་ཉེ་བར་བསྡུས་པས་ན་དེ་སྐད་ཅེས་བརྗོད་དེ། སྡུད་པའི་དཀའ་འགྲེལ་རྟོགས་སླ་ལས། ཡུམ་ཕྲག་བརྒྱ་པའི་དོན་ཐམས་ཅད་ཉེ་བར་བསྡུས་པའི་དགོས་པ་ནི་ཞེས་གསུངས་པས་སོ། །འདི་ལ་དབྱིན་སྐད་དུ་The summary of the precious knowledge ཞེས་བསྒྱུར་ན་རུང་ངོ་། །སྡེ་དགེ་བཀའ་འགྱུར་ཤེར་ཕྱིན་གྱི་གྲས་སུ་༼ ཤེས་རབ་སྣ་ཚོགས་ཀ་པ ༽ན་བཞུགས་ཤིང་ཤོག་ལྡེབ་བཅུ་དགུ་ཡོད། སྒྲ་བཤད་ནི། རིན་པོ་ཆེ་དང་འདྲ་བའི་ཡུམ་འབུམ་པའི་ཡོན་ཏན་ཏེ་བརྗོད་བྱ་ཐམས་ཅད་འདིར་འདྲེན་པའམ་སྡུད་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ་༼ ཉ ༽༡༨༨བ༥ལས། ཡོན་ཏན་རིན་ཆེན་སྡུད་པ་ནི་ཡོན་ཏན་རིན་པོ་ཆེ་ཐམས་ཅད་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །