From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཡོན་ཏན་རྒྱ་མཚོ
|
Tibetan Definition
|
<གུ་ཎ་སཱ་ག་རཿ> 1 སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག སྐད་དོད་དེ་བྱེ་བྲག་རྟོགས་བྱེད་པོ་༢བ༢ན་གསལ། སངས་རྒྱས་ལ་དེ་ལྟར་བརྗོད་པའི་རྒྱུ་མཚན་ནི། དེ་ནི་ ཡོན་ཏན་མི་ཟད་པའི་གཏེར་རམ་མཛོད་ཡིན་པས་དེ་སྐད་ཅེས་བརྗོད་དོ། །སྤྱོད་འཇུག་ཆེན་མོ་ལས། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། ། “ཡོན་ཏན་རྒྱ་མཚོ” རྣམས་ལ་ལེགས་པར་མཆོད། །ཅེས་དང་། ཡང་དེ་ཉིད་ལས། ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། ། “ཡོན་ཏན་རྒྱ་མཚོ” རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་དང་། ཡང་དེ་ཉིད་ལས། “ཡོན་ཏན་རྒྱ་མཚོ” མཐའ་ཡས་པའི། །སངས་རྒྱས་རྣམས་དང་འགའ་མི་མཉམ། །ཡོན་ཏན་མཆོག་ཚོགས་གཅིག་པུ་ཡི། །ཡོན་ཏན་ཤེས་ཙམ་འགའ་ཞིག་ལ། །སྣང་ནའང་དེ་ལ་མཆོད་དོན་དུ། །ཁམས་གསུམ་ཕུལ་ཡང་ཆུང་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །སྤྱོད་འཇུག་དར་ཊཱིཀ་ལས་ཀྱང་། མཁྱེན་པ་དང་བརྩེ་བ་ལ་སོགས་པའི་ཡོན་ཏན་གྱི་རྒྱ་མཚོ་རྣམས་ལ་བདག་གིས་ཡོན་ཏན་མཐའ་ཡས་པ་བརྗོད་པའི་བསྟོད་དབྱངས་ཀྱི་ཡན་ལག །རྒྱ་མཚོས་བསྟོད་པར་བགྱིའོ། །ཞེས་གསུངས། 2 ཡོན་ཏན་མི་ཟད་པའི་གཏེར་རམ་མཛོད། ཡོན་ཏན་གྱི་འབྱུང་ཁུངས་བཅས་ཀྱི་དོན། 3 གཞན་གཅེས་འཛིན། དེ་ལ་ཡོན་ཏན་རྒྱ་མཚོ་ཞེས་པ་ནི་ཡོན་ཏན་ནམ་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནོ། །རྒྱལ་ཚབ་ཆོས་རྗེའི་སྤྱོད་འཇུག་དར་ཊཱིཀ་ལས། བདག་གཅེས་པར་འཛིན་པ་ནི་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་སྐྱོན་དང་བཅས་པས་ཆེད་ཆེར་འགོག་པ་དང་སེམས་ཅན་གཞན་ལ་གཅེས་པར་འཛིན་པ་ཡང་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་ཡོན་ཏན་རྒྱ་མཚོར་ཤེས་པར་བྱས་ནས། བདག་གཅེས་འཛིན་ཡོངས་སུ་དོར་བ་དང་གཞན་གཅེས་པར་འཛིན་ཞིང་བླང་བ་ནི་བསྒོམ་པར་བྱའོ། །ཞེས་གསུངས། 4 ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོའི་མཚན།
|