8948

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ར་ས
Tibetan Definition ལྷ་སའི་མིང་རྙིང་པ་ལ་ར་ས་ཟེར། ལྷ་སའི་གདོད་མའི་མིང་ནི། ར་ས་ཞེས་བྱ་ལ། ཡིག་རྙིང་ཐམས་ཅད་ལ་ར་ས་ཞེས་འབྱུང་གི་ལྷ་ས་ཞེས་མི་འབྱུང་བར་བཤད། ཡུལ་གྲུ་དུ་མའི་སྐད་ལ་རའི་ཚབ་ཏུ་ལ་ཞེས་འབོད་པ་དཔེར་ན། རཱཛ་ལ་ལཱཛ་ཞེས་འབོད་པ་དང་། ར་ཧུ་ལ་བྱ་བ་ལ། ལ་ཧུ་ལ་བྱ་བར་འབོད་པ། རཉྫན་ལ། ལཉྫ་ཞེས་འབོད་པ་ལ་བརྟེན་ནས། ལ་ས་ཞེས་འབོད་པ་བྱུང་། ལ་ས་ཞེས་པའི་ཚིག་ལ་གོ་རྒྱུ་མེད་མོད། གོ་རྒྱུ་ཡོད་པར་བཅོས་ཏེ་ལྷ་ས་ཞེས་འབོད་པ་བྱུང་སྟེ། དཔེར་ན་ཏ་ཟིག་ལ་སྟག་གཟིག་ཅེས་འབོད་པ་བཞིན་ནོ། །དེ་ནས་ལྷ་ས་ཞེས་འབོད་པ་བྱུང་། དེ་ནས་རིམ་གྱིས་ལྷ་ལྡན་དུ་སྤོས་པར་བཤད། འཇམ་དཔལ་རྩ་རྒྱུད་ལས། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བྱི་རྣམས་རིགས་སུ་འབྱུང་། །ཞེས་པའི་ལུང་འདི་ལ་བརྟེན་ནས་ལྷ་ས་ནས་ལྷ་ལྡན་དུ་སྤོས་པར་བཤད། ཞིབ་པར་རྒྱལ་ཁམས་རིག་པས་བསྐོར་བས་གཏམ་རྒྱུད་གསེར་གྱི་ཐང་མ་ལས་ཤེས་པར་བྱའོ། །སྒྲ་བཤད་ནི། ར་ལ་ས་བཀལ་ནས་འོ་ཐང་ (འོ་མ་ཐང་ཡང་ཟེར) གི་མཚོ་བསུབས་པའི་ཐོག་ཏུ་ཇོ་བོ་མི་བསྐྱོད་རྡོ་རྗེ་བཞུགས་སུ་གསོལ་རྒྱུའི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་པ་ནས་བཟུང་། ར་ས་ཞེས་པའི་མིང་ཆགས་ཅེས་པའི་བཤད་སྲོལ་ཞིག་དང་། ཡང་ན། ར་ས་ནི་ར་བ་ཆེན་པོ་ཡོད་པའི་ཕྱོགས་སམ། ར་ནི་ཁྱིམ་གྱི་མིང་དུའང་མཐོང་ལ། མི་བསྐྱོད་རྡོ་རྗེའི་གཙུག་ལག་ཁང་ལ་ཡང་ར་མོ་ཆེ་དང་། སྐྱོ་ལུང་མདར་ཡང་ར་མོ་ཆེ་བྱ་བ་ཞིག་དང་། གཞན་ཡང་ར་སྟོད་ར་སྨད། ར་བ་གོང་འོག ར་ཆེ་ཆུང་སོགས་སྔོན་གྱི་མིང་འདོགས་ཚུལ་ཅི་བས་མང་བ་ཞིག་གོ། དེའི་ཕྱིར་ར་ཞེས་པ་ཁྱིམ་དང་ཁང་པའི་མིང་དུ་བྱེད་པ་ལ། མདོ་སྨད་ཀྱི་འབྲོག་པ་རྣམས་རེ་ནག་གི་གུར་ལ་རྭ་ཞེས་འབོད། འགའ་ཞིག་གིས་རྦ་ཞེས་འབོད། རེ་གོ་ལོག་དེ་གཉིས་ཀ་ཡང་གཟུགས་གཅིག་ཏུ་འདུ་བར་མངོན་ཏེ། རྭ་ལ་ཝ་ཡིག་ཆུང་ལ་ར་ཡིག་ཆེ་བ་བྲིས། རྦ་ལ་བ་ཡིག་ཆེ་ལ་ར་ཡིག་ཆུང་བར་བྲིས་པ་ཙམ་ཁྱད་པར་ཡིན་པས་སོ། །དེས་ན་ཁྱིམ་ནག་བྱ་བ་རྦ་ནག་བྱ་བ་ཡང་གོ་རྒྱུ་གཅིག་པར་འདུག ཞེས་འབྱུང་བ་ལྟར་རོ། །