8950

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ར་ས་འཕྲུལ་སྣང་གི་གཙུག་ལག་ཁང
Tibetan Definition ལྷ་སའི་ཇོ་ཁང་གི་མིང་གཞན། སྲོང་བཙན་སྒམ་པོའི་བཙུན་མོ་བལ་བཟའ་ཁྲི་བཙུན་གྱིས་བཞེངས་པའི་གཙུག་ལག་ཁང་སྟེ། དེ་ཡང་ལྷ་སའི་འོ་ཐང་གི་མཚོ་ཆུང་ངུ་དེའི་སྟེང་དུ་གདུང་མ་བསྒྲིགས། ར་ལ་ས་བཀལ་ནས་མཚོ་བསུབས་པའི་ཐོག་ཏུ་ཇོ་བོ་མི་བསྐྱོད་རྡོ་རྗེ་བཞུགས་སུ་གསོལ་རྒྱུའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་ཡོངས་སུ་གྲུབ་ཅིང་། ར་ལ་ས་བཀལ་ཏེ་མཚོ་བསུབས་པའི་སྟེང་འཕྲུལ་སྣང་དུ་ཤར་འདྲའི་གཙུག་ལག་ཁང་བཞེངས་པས་ན། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཞེས་མཚན་གསོལ་ཞེས་པ་ཡོངས་གྲགས་ཀྱི་ར་སའི་བཤད་སྲོལ་ཞིག་དང་། ཡང་། ར་ས་ནི་ལྷ་སའི་མིང་རྙིང་པ་ཡིན་པས། ལྷ་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཞེས་པའི་དོན་ནོ། །ར་སའི་སྐོར་ཞིབ་པར་གོང་དུ་ར་ས་ཞེས་པའི་ཐད་དུ་གཟིགས། གཙུག་ལག་ཁང་འདི་ཐོག་མར་བལ་བཟའ་ཁྲི་བཙུན་གྱིས་རང་གི་རྟེན་སྐལ་ཇོ་བོ་མི་བསྐྱོད་རྡོ་རྗེ་བཞུགས་སའི་ཆེད་དུ་བཞེངས་ཤིང་། ར་མོ་ཆེའི་གཙུག་ལག་ཁང་རྒྱ་བཟའ་ཀོང་ཇོས་རང་གི་རྟེན་སྐལ་ཇོ་བོ་ཤཱཀྱ་མུ་ནི་བཞུགས་སའི་སྒོ་བཞི་གཞལ་ཡས་ཁང་གི་ལུགས་སུ་བྱས་པས་ཆོས་པ་རྣམས་དགའ། རྩིག་པ་གཡུང་དྲུང་གི་རིས་སུ་བྱས་པས་བོན་པོ་རྣམས་དགའ། ཀ་བ་ཕུར་པའི་དབྱིབས་སུ་བྱས་པས་སྔགས་པ་རྣམས་དགའ། ཕྱག་དང་དྲལ་མ་མིག་མང་རིས་སུ་བཀོད་པས་འབངས་རྣམས་དགའ་ཞེས་དགའ་བཞི་འཕྲུལ་སྣང་གི་གཙུག་ལག་ཁང་ཞེས་ཀྱང་གྲགས་སོ། །