9013

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་རྐྱ་ཐུབ་པའི་རྫས་ཡོད
Tibetan Definition 2 (རང་རྒྱུད་པ་མན་ཆད) རང་རྒྱུད་པ་ལྟ་བུས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་མི་འདོད་ཀྱང༌། མཚན་གཞི་ཡིད་ཀྱི་རྣམ་ཤེས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་ཞལ་གྱིས་བཞེས་ཏེ། རྗེའི་འཇུག་པའི་ཊཱིཀ་ཆེན་ལས། གང་ཟག་རང་རྐྱ་ཐུབ་པའི་རྫས་སུ་མེད་པར་སྨྲ་བ་ནི་གང་ཟག་རང་གི་ལྡོག་པ་ནས་འདོད་པ་ཡིན་གྱི། གང་ཟག་གི་མཚན་གཞི་རྣམ་ཤེས་ལ་དེ་ལྟར་འདོད་པ་མིན་ནོ། །ཞེས་གསུངས། སྒོ་མང་ཡིག་ཆར། རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་དང་རང་རྐྱ་ཐུབ་པའི་རྫས་ཡོད་དོན་མི་གཅིག་པའི་ཕྱིར་ཏེ། རང་གི་ངོ་བོ་ངེས་པ་ལ་ཡུལ་དང་ཡུལ་ཅན་གཞན་ཞིག་ངེས་པ་སྔོན་འགྲོ་མི་དགོས་པར་གཟུང་དུ་ཡོད་པ་དེ་སྐབས་འདིའི་རང་རྐྱ་འཛིན་ཐུབ་ཚུལ་དང་རྫས་སུ་ཡོད་པའི་དོན་ཡིན། གང་ཟག་གི་བདག་མེད་ཀྱི་སྐབས་ཀྱི་དགག་བྱའི་རང་རྐྱ་ཐུབ་ཚུལ་ནི། བཏགས་ཆོས་སམ་ཆ་ཅན་གྱི་ཆོས་གང་ཡིན་པ་དེ་དང་དེ་རང་གི་གདགས་གཞིའམ་ཆ་ཤས་དེ་ལ་ཕར་མ་ལྟོས་པར་དཔོན་པོའམ་རྗེ་བོ་ལྟ་བུའི་རང་རྐྱ་ཐུབ་པ་དང༌། གདགས་གཞི་དང་ཆ་ཤས་དེ་དང་དེ་ལ་ལྟོས་དབང་བསྒྱུར་བྱ་ལྟ་བུར་གྲུབ་པ་གཅིག་འདོད་པའི་ཕྱིར། ཞེས་བསྡུ་བའི་སྐབས་འདིའི་རྫས་ཡོད་དང༌། གང་ཟག་གི་བདག་མེད་ཀྱི་དགག་བྱའི་རྫས་ཡོད་གཉིས་ལ་ཁྱད་ཕྱེད་ནས། ཡིད་ཀྱི་རྣམ་ཤེས་རང་རྐྱ་འཛིན་ཐུབ་པ་དང་རྫས་ཡོད་གཉིས་ཀ་ཡིན་ཀྱང་རང་རྐྱ་ཐུབ་པའི་རྫས་ཡོད་མིན་ཞེས་གསུངས་པའི་རྗེས་སུ་སྒོ་མང་ཕྱི་རབས་པ་ཕལ་ཆེར་འབྲང་ངོ༌། །རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བློ་ལ་ཕྲ་རགས་གཉིས་སུ་ཕྱེ་བའི་ཁུངས་ནི་འཇུག་པའི་རྣམ་བཤད་ལས། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ནི་གྲུབ་མཐས་བློ་མ་བསྒྱུར་བ་ལ་ཡང་ཡོད་མོད། གང་ཟག་ཕུང་པོ་དང་མཚན་ཉིད་མི་མཐུན་པའི་གཞན་དུ་ཡོད་པར་འཛིན་པ་ནི་གྲུབ་མཐས་བློ་མ་བསྒྱུར་བ་ལ་མེད་དོ། །ཞེས་པ་དེ་ཡིན་ལ། ལེགས་བཤད་སྙིང་པོ་ལས། གང་ཟག་གི་བདག་མེད་ནི། རང་སྡེ་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་གཞན་གྱི་ལྟར་ན་གང་ཟག་ཕུང་པོ་དང་མཚན་ཉིད་མི་མཐུན་པའི་རང་རྐྱ་ཐུབ་པའི་རྫས་སུ་མེད་པ་ཙམ་ལ་འདོད་དོ། །ཞེས་གསུངས་པས། རང་རྒྱུད་པའི་ལུགས་ལ། བདག་ཕུང་པོ་དང་མཚན་ཉིད་མཐུན་པའི་རང་རྐྱ་བར་འཛིན་པའི་བློ་འདོད་མི་འདོད་དང༌། ལོག་ཤེས་ཡིན་མིན་སོགས་ལ་དཔྱད་རྒྱུ་ཡོད་པར་སྣང་ངོ༌། །གྲུབ་མཐའ་ཆེན་མོའི་མཆན་འགྲེལ་སྨད་ཆ་དང༌། དྲང་ངེས་འགྲེལ་པ་ལེགས་བཤད་སྙིང་པོའི་འཇུག་ངོགས་ལྟར་བཀོད་དོ། །