902

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏོང་ལེན་རླུང་ལ་བསྐྱོན་པ
Tibetan Definition རླུང་ངམ་དབུགས་འབྱུང་རྔུབ་དང་འབྲེལ་ནས་གཏོང་ལེན་བསྒོམ་པ་ལ་ཟེར། ཐོག་མར་རང་གི་ཚེ་འདིའི་མ་དེ་གསལ་བཏབ་ལ། དེ་ནས་རང་གི་སྣ་གཡས་ནས་རླུང་ཕྱིར་འབུད་པ་དང་མཉམ་དུ་རང་གི་བདེ་དགེ་རྣམས་འོད་དཀར་པོའི་རྣམ་པར་སོང་བ། རང་གི་མའི་སྣ་གཡོན་པ་ནས་ཞུགས་ཏེ་བདེ་བ་དང་ལྡན་པར་བསམ་ལ་གཏོང་བའི་ཉམས་ལེན་གྱིས་བྱམས་པ་བསྒོམ་པ་དང༌། ཡང་རང་གི་མས་གཙོས་པའི་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱིས་མནར་ཚུལ་བསམ་ལ། དེ་ལྟ་བུའི་སྡུག་བསྔལ་དང་སྡིག་པ་རྣམས་འོད་ནག་པོའི་རྣམ་པར་རང་གི་མའི་སྣ་གཡས་ནས་ཐོན། རླུང་ནང་དུ་རྔུབ་པ་དང་མཉམ་དུ་རང་གི་སྣ་གཡོན་ནས་ཞུགས་ཏེ། སྙིང་གའི་བདག་འཛིན་བཅོམ་པར་བསམ་ལ་ལེན་པའི་ཉམས་ལེན་གྱིས་སྙིང་རྗེ་བསྒོམ་པ་ལ་ཟེར། དེ་ལྟར་བསྒོམས་པས་མྱོང་བ་ཅུང་ཟད་ཐོན་པ་ན། དེ་ནས་རང་གི་ཕ་སོགས་གཉེན་རྣམས་དང་། དེ་ནས་བར་མའི་སེམས་ཅན། དེ་ནས་དགྲ། དེ་ནས་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱའོ། །ཡང་ན། སྟབས་བདེ་བར་མོས་ན། སྣ་བུག་གཡས་གཡོན་ནས་འབྱུང་རྔུབ་བསམ་མི་དགོས་པར། དབུགས་ཕར་གཏོང་བ་ན་དེ་དང་འགྲོགས་ནས་རང་གི་བདེ་དགེ་ཐམས་ཅད་གཞན་ལ་ཕངས་པ་མེད་པར་གཏང་། ཚུར་རྔུབ་པའི་ཚེ་གཞན་གྱི་སྡིག་སྡུག་ཐམས་ཅད་ནག་འུབ་ཀྱིས་བསྡུས་ཏེ་རང་གི་སྙིང་དབུས་སུ་ཐིམ་པར་བསམ་མོ། །མདོར་ན་གཏོང་ལེན་གཉིས་པོས་བྱམས་སྙིང་རྗེ་གཉིས་རྩལ་དུ་བཏོན་ནས་བསྒོམ་པ་ཡིན་ཏེ། བྱམས་པའི་དམིགས་པ་རྩལ་དུ་བཏོན་ནས་བསྒོམ་པ་གཏོང་བའི་ཉམས་ལེན་དང་། སྙིང་རྗེའི་དམིགས་པ་རྩལ་དུ་བཏོན་ནས་བསྒོམ་པ་ལེན་པའི་ཉམས་ལེན་གཉིས་སོ། །