9028

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་སྟོང༌
Tibetan Definition (དབུ་མ) ཀུན་རྫོབ་དང་དོན་དམ་པའི་ཆོས་ཐམས་ཅད་རང་གི་ངོ་བོས་གྲུབ་པས་སྟོང་པ་ལ་རང་སྟོང་ཟེར། དགེ་ལྡན་ལྡན་པའི་ལུགས་ཀྱི་སྟོང་ཉིད་དེ་རང་སྟོང་ཡིན་པར་བཤད། སྒྲ་བཤད་ནི། སྟོང་གཞི་བུམ་པ་ལྟ་བུ་རང་གི་ངོ་བོས་གྲུབ་པས་སྟོང་པ་ལ་རང་སྟོང་ཟེར། དབུ་མ་ལ་འཇུག་པ་ལས། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང༌། །ཞེས་མིག་མིག་གིས་སྟོང་ཞེས་པ་དེ། དཔེར་ན་ཤིང་རྟ་ཤིང་རྟའི་སྟེང་དུ་བཙལ་བ་ན་དེའི་ཚོགས་པ་དང་ཡ་གྱལ་གང་གི་སྟེང་དུའང་རྙེད་རྒྱུ་མེད་པ་ལྟ་བུ་ལ་ཟེར་གྱི། སྤྱིར་ཤིང་རྟ་ཤིང་རྟས་སྟོང་པ་དང་མིག་མིག་གིས་སྟོང་པའི་དོན་ག་ལ་ཡིན། དགེ་ལྡན་པའི་མཁས་པ་འགའ་ཞིག་གིས་རང་སྟོང་གཞན་སྟོང་གང་གི་ཡང་ཐ་སྙད་མི་བྱེད་གསུང༌མཁན་ཡང་འདུག དེ་ལའང་ཁུངས་ཤིག་ཡོད་པར་སྙམ་སྟེ། ༼ རང་སྟོང་གི་ཐ་སྙད་འདི ༽རྗེའི་འཇུག་པའི་རྣམ་བཤད་ཆེན་མོ་དགོངས་པ་རབ་གསལ་ལས། ཐེངས་གཅིག་ཁོ་ན་འབྱུང་ཞིང་། དེ་ཡང་གཞན་ལུགས་བསྐྱར་བའི་སྐབས་སུ་འབྱུང་གི་རང་ལུགས་ལ་རང་སྟོང་གི་ཐ་སྙད་མཛད་པ་གཏན་ནས་མི་སྣང་ངོ་། །དེ་ཡང་དེ་ཉིད་ལས། ཆོས་རྣམས་རང་གི་ངོ་བོས་སྟོང་ཞེས་པའི་བསམ་དོན་ཡང་དེ་ཉིད་ཡིན་གྱི། བུམ་པ་བུམ་པས་མི་སྟོང་བར་བདེན་པས་སྟོང་པ་ནི། གཞན་སྟོང་ཡིན་པས་བུམ་པ་བུམ་པས་སྟོང་པ་ནི་༼ རང་སྟོང ༽ཡིན་ནོ་ཞེས་སྨྲ་བ་ནི་གཏན་ནས་མི་རིགས་ཏེ། བུམ་པ་བུམ་པས་སྟོང་ན་བུམ་པ་ལ་བུམ་པ་མེད་དགོས་ན། རང་ལ་རང་མེད་ན་གཞན་སུ་ལ་ཡང་མེད་པས་བུམ་པ་གཏན་མེད་པར་འགྱུར་རོ། །ཞེས་གསུངས་པ་དེ་ཙམ་མོ། །རྗེའི་ལམ་རིམ་ཆེན་མོར་ཡང་རང་སྟོང་གི་ཐ་སྙད་མེད་དོ། །གཞན་ཡང་། རྗེའི་ཕར་ཕྱིན་ཊཱི་ཀ་ལེགས་བཤད་གསེར་གྱི་ཕྲེང་བ་ལས་ཀྱང་། རང་སྟོང་གི་ཐ་སྙད་འདི་ཐེངས་གཅིག་འབྱུང་ཞིང་། དེ་ཡང་གཞན་ལུགས་བསྐྱར་བའི་སྐབས་སུ་འབྱུང་སྟེ། དེ་ཉིད་ལས། གནོད་འཇོམས་འདི་ལས་ནི་འདུས་བྱས་ཐམས་ཅད་ཀུན་བརྟགས་སུ་བཤད་ནས་དེ་ཐམས་ཅད་༼ རང་སྟོང ༽དུ་གསུངས་ཤིང་སྐྱེ་མེད་འགག་མེད་རྣམས་ཀྱང་སྒྲ་ཇི་བཞིན་པར་མཛད་ནས་སྐྱེ་འགག་སེལ་བའི་རིགས་པ་རིགས་ཚོགས་བཞིན་འཆད་པས་སེམས་ཙམ་མིན་ལ། ཁྱད་པར་དུ་མདོ་འདི་རྟོག་པ་བཅུའི་གཉེན་པོར་མི་འཆད་ཅིང་མདོ་རྒྱན་འགྲེལ་པར་བཤད་པ་དང་ཡང་བཤད་ཚུལ་མི་མཐུན་པས་འདིས་ཀྱང་དབྱིག་གཉེན་གྱི་ཡིན་པ་ལ་ཐེ་ཚོམ་ཟའོ། །ཞེས་གསུངས་སོ། །རང་སྟོང་གི་སྐོར་ཟུར་ཙམ་ཞིག་སྟོང་ཐུན་སྐལ་བཟང་མིག་འབྱེད་༡༨བ༡ན་གསལ་ལོ། །བཀའ་གདམས་གླེགས་བམ་༼ ཀ་པ ༽༧༦ལས། དེ་ལྟར་སྤྱོད་པའི་བློ་ཐམས་ཅད་འདས་པའི་ཆ་དངོས་མེད། མ་འོངས་པའི་ཆ་ཡང་དངོས་མེད། ད་ལྟའང་དངོས་མེད། དངོས་རང་སྟོང་། རང་སྟོང་དབུ་མ། དེ་ལྟར་གནས་པ་དེ་ལ་ཤེས་རབ་ཟེར། ཞེས་གསུངས་པའི་རང་སྟོང་དེ་གང་ཡིན་དཔྱད་པར་འོས་སོ། །