9049

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རབ་ཏུ་བྱེད་པ
Tibetan Definition <པྲ་ཀ་ར་ཎ> 1 ལེའུའི་མིང་། 2 དོན་ཚན་གཙོ་ཆེ་བ་རེ་རེ་རྩལ་དུ་བཏོན་ནས་སྟོན་པའི་བསྟན་བཅོས་ཐོར་བུའི་མིང་ཡིན། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་༡༣༡ལས། སློབ་དཔོན་ (དབྱིག་གཉེན) འདིས་མཛད་པའི་རྟེན་འབྲེལ་མདོ་འགྲེལ་སོགས་གཞན་འགྲེལ་གསུམ་པོ་པྲ་ཀ་ར་ཎ་སྡེ་བརྒྱད་ལ་བགྲང་བ་ཕྱོགས་འདིར་སྤྱི་ཁྱབ་ཏུ་བགྲངས་ཀྱང་། ཚིག་འགྲེལ་ལ་རབ་ཏུ་བྱེད་པའི་ཐ་སྙད་མི་སྦྱོར་ཞིང་། རྣམ་བཤད་རིག་པ་ལའང་རབ་ཏུ་བྱེད་པའི་ཐ་སྙད་འཇུག་དཀའོ། །དེ་ལ་རབ་ཏུ་བྱེད་པ་ནི་དོན་ཚན་གཙོ་ཆེ་བ་རེ་རེ་སྟོན་པའི་བསྟན་བཅོས་ཐོར་བུའི་མིང་ཡིན་པས། མདོ་སྡེ་རྒྱན་ལྟ་བུའི་གཞུང་ཆེན་མོ་ལའང་མི་ཟེར་ན། དེའི་ཚིག་འགྲེལ་ལ་ཟེར་བ་ལྟ་སྨོས་ཀྱང་ཅི་དགོས། རབ་ཏུ་བྱེད་པ་སྡེ་བརྒྱད་ལས་ལ་ལ་ལ་རབ་ཏུ་བྱེད་པའི་མིང་ཡོད་ལ། འགའ་ཞིག་ལ་མེད་པའང་མི་རིགས་སོ། །ཞེས་དོགས་གཅོད་དང་བཅས་པ་ལེགས་པར་གསུངས་འདུག 3 བཤད་པ་མདོར་བསྡུས་སམ། རྩོམ་མདོར་བསྡུས་བཅས་ཀྱི་མིང་ལའང་འཇུག་པར་སེམས་ཏེ། ཕུང་པོ་ལྔའི་རབ་ཏུ་བྱེད་པ་ལས། བློ་གྲོས་སྦྱངས་པ་མེད་རྣམས་ཀྱིས། །བློ་ཡི་ཁ་ནི་དབྱེ་བའི་ཕྱིར། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཀྱིས། ། “མདོར་བསྡུས” “ཡང་དག” མཚན་ཉིད་བརྗོད། །ཅེས་དང་། ཡང་དེ་ཉིད་ལས། ཕུང་པོ་ལྔ་ཡི་ཡང་དག་དོན། །མདོར་བསྡུས་རབ་བཤད་བསྟན་བཅོས་འདི། །འབད་པ་མེད་པའི་འཇིག་རྟེན་འདིའི། །དོན་དུ་ཟླ་བ་གྲགས་པས་བྱས། །རབ་ཏུ་བྱེད་པ་ཞེས་པའི་ཚིག་གི་ཐད་ཀའི་གོ་དོན་ནི། རབ་ཏུ་བཤད་པ། ཡང་དག་པར་བཤད་པ། ལེགས་པར་བཤད་པ། གསལ་བར་བཤད་པ། གསལ་བར་བྱེད་པ་ཞེས་པའི་དོན་ཡིན་པར་སེམས། སྒྲ་བཤད་ནི། རབ་ཏུ་ཞེས་པ། ཤིན་ཏུ། ཆེས་ཆེར། ཤས་ཆེར་ཞེས་པའི་དོན་དང་། བྱེད་པ་ནི་བྱ་བའམ་ལས་ཀ་བྱེད་པའི་དོན་ནོ། །སྤྱིར་བཏང་རབ་ཏུ་བྱེད་པ་ཞེས་པའི་ཚིག་འདི་བསྟན་བཅོས་ཀྱི་མིང་གི་མཇུག་ཏུ་སྦྱར་བ། དཔེར་ན་ཕུང་པོ་ལྔའི་རབ་ཏུ་བྱེད་པ་ཞེས་པ་སོགས་ཡོངས་གྲགས་དང་། ཡང་འགའ་རེའི་འགོ་རུ་སྦྱར་བའང་ཡོད་དེ། དཔེར་ན་ “རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པ” (སློབ་དཔོན་འཕགས་པ་ལྷས་མཛད) ཞེས་པ་ལྟ་བུའོ། །