9089

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རས་ཆེན་གྱི་སྤང་པ
Tibetan Definition (འདུལ་བ) སྤང་ལྟུང་སུམ་ཅུའི་ཉེར་བརྒྱད་པ། རས་ཆེན་གྱི་སྤང་པ་ལ་རས་ཆེན་བཙལ་སྔས་པ་དང་བཞག་འཕྱིས་པ་གཉིས་ཏེ། དང་པོ་བཙལ་སྔས་པའི་ལྟུང་བའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་དབྱར་གྱི་རས་ཆེན་བཙལ་བའི་དུས་ཀྱི་སྔ་རོལ་ཏུ་བླངས་ཏེ། ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་རས་ཆེན་བཞག་འཕྱིས་པའི་ལྟུང་བའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་དབྱར་ཟླ་གསུམ་པའི་དགག་དབྱེའི་དུས་ལས་ཟླ་བ་ཕྱེད་འདས་པར་དབྱར་གྱི་རས་ཆེན་འཆང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་དབྱར་གྱི་གོས་རས་ཆེན་ཧ་ཅང་མྱུར་པ་འཚོལ་བ་དང། ཧ་ཅང་ཡུན་རིང་དུ་བཅང་བ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། བཙལ་སྔས་ཀྱི་དགག་བྱ་འདོད་པ་ཆེ་བ་དང་། སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པ་ཡིན་ལ། བཞག་འཕྱིས་ཀྱི་དགག་བྱ་ནི་འདོད་པ་ཆེ་བ་དང་རང་གི་ཡོ་བྱད་ཆུད་ཟོས་པ་སྟེ། རས་ཆེན་སྦེད་པ་པོ་ལ་གཏད་ན་ལྟུང་བ་མེད་པར་གསུངས་པས་ཤེས་སོ། །རས་ཆེན་གྱི་སྤང་པ་གཉིས་པོ་སོ་སོའི་ངོ་ཏི་ལས་རས་ཆེན་གྱི་སྤང་པ་སྤྱིའི་ངོ་ཏི་མ་གསུངས་ལ། གཞན་ལས་རས་ཆེན་གྱི་སྤང་པའི་ངོ་ཏི་ནི། དབྱར་ཁས་ལེན་གྱི་སྔ་རོལ་ཟླ་གཅིག་གི་གོང་དུ་རས་ཆེན་བཙལ་ཏེ་ཐོབ་པའམ་དགག་དབྱེ་གྲོལ་ནས་ཟླ་ཕྱེད་འདས་རྗེས་རས་ཆེན་འཆང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་གསུངས་སོ། །རས་ཆེན་ནི་དབྱར་གྱི་རས་ཆེན་ཏེ་ཆར་པ་སྐྱོབ་པའི་གོས་སོ། །ཞིབ་པར་རས་ཆེན་ཞེས་པའི་ཐད་དུ་གཟིགས།