From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| རི་དྭགས་ཁྲི་སྙན་ས་ལེ
|
| Tibetan Definition
|
རི་དྭགས་ནག་ཁྲ་ཞིག འདིའི་རྒྱབ་གཞུང་ནག་པོ་ཡོད་པར་སྙམ་སྟེ། མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་ལས་འདི་ལ་རི་དྭགས་གཞུང་ནག་ཅེས་བཤད་ཡོད། འདི་ལ་ཁྲི་གཉན། ཁྲི་གཉན་སཱ་ར། ཁྲི་སྙན། ཁྲི་སྙན་སཱ་ར། རི་དྭགས་ཁྲི་གཉན་སཱ་ར། རི་དྭགས་ཁྲི་གཉན་ས་ལེ། རི་དྭགས་སིལ་སྙན། སིལ་སྙན་བཅས་འབྲི་ཚུལ་སྣ་ཚོགས་ཤིག་སྣང་། འདི་ལ་ལེགས་སྦྱར་དུ། ཀྲིཥྞ་སཱ་ར་ཟེར། (the spotted antelope; a kind of black antelope) འགའ་ཞིག་གིས། ཁྲི་གཉན་ཞེས་པ་ལེགས་སྦྱར་གྱི་ཀྲིཥྞ་སཱ་ར་ཟུར་ཆག་པ་ཡིན་ཟེར་བའང་སྣང་། འདི་སྙིང་རྗེ་ཧ་ཅང་ཆེ་བའི་རི་དྭགས་ཤིག་ཡིན་པར་བཤད་ཅིང་། རྒྱ་བོད་ཀྱི་སྒོམ་ཆེན་པ་མང་པོས་འདིའི་པགས་པ་གདན་དུ་འདིང་བར་བྱེད། འདི་གདན་དུ་བཏིང་ན་སེམས་རྒྱུད་བཟང་པོ་ཆགས་ཞེས་བཤད་སྲོལ་ཡོད། རི་དྭགས་འདིའི་ལོ་རྒྱུས་ནི། དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་༢༣༠ལས། ཁྲི་གཉན་ཞེས་པ་ནི་རི་དྭགས་ས་ལེ་ (སཱ་ར་ཟེར་བ་ཡིན་ཚོད་འདུག) བྱ་བ་དེ། དུད་འགྲོ་ཡིན་ཀྱང་སེམས་ཅན་ལ་སྙིང་རྗེ་དང་ལྡན་ཏེ། ཁྱི་ར་བས་དེད་པའི་ཚེ་མི་དང་ཁྱིས་གཏུགས་ཀྱང་། ལམ་ན་ཡོད་པའི་སེམས་ཅན་ཕྲ་མོ་རྨིག་པའི་འོག་ཏུ་སོང་དུ་དོགས་ནས། སྣ་ཡིས་འབུད་ཅིང་འབྲོས་པ་ཡིན་སྐད། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་རི་དྭགས་ལའང་སྙིང་རྗེ་དེ་ལྟ་བུ་དང་ལྡན་ན། འུ་ཅག་ཐེག་པ་ཆེན་པོ་བར་ཁས་བླངས་ནས་སེམས་ཅན་ལ་སྙིང་རྗེ་ནི་ཅི་སྟེ་མི་བསྐྱེད་གསུང་། ཞེས་གསུངས་སོ། །
|