9168

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ
Tibetan Definition (དགེ་ལུགས) རིམ་གཉིས་ལ་བོགས་འདོན་པའི་ཡན་ལག་ཏུ་རིག་མའི་འདོད་ཡོན་ལ་སྤྱོད་པ་ལ་ཟེར། འདི་ལ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་མི་ཟེར་བར། རིག་མའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་བརྗོད་ན་གོ་བ་སྟེར་བ་ལ་ཁྱད་ཆེ། ཞིབ་པར་བཤད་ན། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་རྣམ་པ་གསུམ་ལ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཟེར། (སྤྱོད་པ་གསུམ་གྱི་སྐོར་ “སྤྱོད་པ་གསུམ” ཞེས་པའི་ཐད་དུ་གཟིགས) རྗེའི་རིམ་ལྔ་གསལ་སྒྲོན་དང་སྔགས་རིམ་ཆེན་མོ་རྣམས་སུ་དེ་དག་གི་སྐོར་ཤིན་ཏུ་རྒྱས་པར་གསུངས་ཡོད་པས་དེ་དག་ལ་བལྟ་བར་བྱའོ། །རྗེའི་ལམ་རིམ་ཆེན་མོར། ཇོ་བོ་རྗེས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལོ་དྲུག་གམ་གསུམ་དུ་མཛད་ཅེས་གསུངས་པ་ནི། ཇོ་བོ་རྗེ་རབ་ཏུ་མ་བྱུང་བའི་གོང་རོལ་དུ་ཡིན་གྱི། (ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་རིག་མ་དངོས་དང་འདོད་ཡོན་ལམ་དུ་བྱེད་པ་མི་དགོས་ཀྱང་། འདིར་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལོ་དྲུག་གམ་གསུམ་དུ་མཛད་ཅེས་པ་ནི་སྤྱོད་པ་གོང་མ་གཉིས་པོ་གང་རུང་དུ་ངེས་ཤིང་། དེ་གཉིས་ལ་ནི་ངེས་པར་རིག་མ་དང་དངོས་དང་འདོད་ཡོན་ལམ་དུ་བྱེད་པ་ཞིག་དགོས་སོ། །ཡོངས་གྲགས་སུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་པ་རིག་མ་དངོས་དང་སྙོམས་པར་འཇུག་པའི་སྤྱོད་པ་ལ་གོ་བའི་ཕྱིར་རོ) ཁོང་བཀའ་གདམས་ཀྱི་བསྟན་པའི་བདག་པོ་འདུལ་བའི་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པའི་དགེ་སློང་ཚུལ་ཁྲིམས་རྣམ་དག་ཅིག་གིས་བུད་མེད་ག་ལ་བསྟེན། དེའི་ཁུངས་ནི། དེབ་སྔོན་སྟོད་ཆ་༢༩༨ལས། རི་ནག་པོའི་རྣལ་འབྱོར་པ་སྒྲ་གཅན་གསང་བའི་རྡོ་རྗེ་ལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས། རྒྱུད་མན་ངག་དང་བཅས་པ་གསན། རིམ་པ་གཉིས་ལ་བརྟན་པ་ཐོབ་པ་ན། ཡུལ་གཞན་དང་གཞན་དུ་བྱོན་ཞིང་། ཨ་བ་དྷཱུ་ཏཱི་པ་ཞེས་བྱ་བའི་མཆོག་གི་གྲུབ་པ་བརྙེས་པ་དེའི་ཕྱགས་ཕྱིར་ལོ་བདུན་འབྲེངས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཡང་ལོ་གསུམ་དུ་མཛད། ཨུ་རྒྱན་གྱི་ཡུལ་དུ་མཁའ་འགྲོ་མ་རྣམས་དང་ལྷན་ཅིག་ཏུ་ཚོགས་ལ་སྤྱོད་པ་ན། རྡོ་རྗེའི་གླུ་མང་པོ་གསན་ཏེ། དུས་ཕྱིས་ཡི་གེར་བཏབ་པའི་རྡོ་རྗེའི་གླུ་དེ་ལ་སོགས་པ་ལགས། དེ་ལྟར་གསང་སྔགས་ཀྱི་གྲུབ་པ་མཆོག་ལ་གནས་པའི་ཚེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་ཉན་ཐོས་མང་པོ་དང་ཐབས་ཅིག་ཏུ་བཞུགས་པའི་གསུང་གིས། ཁྱོད་ཅི་ལ་ཆགས་ནས་རབ་ཏུ་མི་འབྱུང་ཞེས་བྱ་བ་མནལ་ལམ་དུ་གསན་ནས། རབ་ཏུ་བྱུང་ན་བསྟན་པ་ལ་ཕན་པ་ཆེན་པོར་འགྱུར་བར་དགོངས་ཏེ། རྡོ་རྗེ་གདན་གྱི་མ་ཏི་ཝི་ཧཱ་རར་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བཀའ་བརྒྱུད། ཕལ་ཆེན་སྡེ་པའི་གནས་བརྟན་ཆེན་པོ་སྦྱོར་བའི་ལམ་གྱི་ཕྱོགས་གཅིག་ལ་གནས་པ་ཤཱི་ལ་རཀྵི་ཏ་ཞེས་བྱ་བ་ལས་དགུང་ལོ་ཉེར་དགུ་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཞེས་དོགས་པ་ཙམ་ཡང་མི་དགོས་པར་གསལ་བར་གསུངས་ཡོད་དོ། ། (བཀའ་བརྒྱུད) ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་དུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་ངོ་བོ་གསུང་བ་ན། སྤྱོད་པ་གསུམ་ལ་སྦྱར་ནས་གོང་དང་འདྲ་བར་གསུང་། ཡང་གཞན་དག་གིས། སྤྱོད་པ་ལྔའི་ནང་གསེས། ལུས་གཅེར་བུར་བྱས་རྒྱན་དྲུག་གི་བརྒྱན་ཕྱག་རྒྱ་མོ་དང་ལྷན་ཅིག་གྲོང་དུ་རྒྱུ་བའི་སྤྱོད་པ་ལ་བཤད། སྤྱོད་པ་གསུམ་ལ་གཟིགས།