From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རིག་པའི་གནས་ལྔ
|
Tibetan Definition
|
བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པ་དང་ལྔའོ། །འདི་ལ་རིག་གནས་ཆེ་བ་ལྔ་ཟེར། གདུལ་བྱ་རྗེས་སུ་འཛིན་པ་ལ་བཟོ་རིག་པ་དང༌། གསོ་བ་རིག་པ་གཉིས་དགོས། ཕྱི་རྒོལ་ཚར་གཅོད་པ་ལ། གཏན་ཚིགས་རིག་པ་དང༌། སྒྲ་རིག་པ་གཉིས་ཤེས་དགོས། བདག་ཉིད་རིག་པའི་གནས་ལ་མཁས་པར་བྱེད་པ་ལ། དེ་བཞི་ཀ་དགོས། གྲོལ་བ་ཐོབ་པ་ལ་ནང་དོན་རིག་པ་དགོས་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་བས། དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་འཛིན་དང༌། བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་གསུངས་པ་ལྟར་རོ། །རིག་པའི་གནས་ལྔ་སྟོན་པའི་བསྟན་བཅོས་ཡང་ཡོད་དེ། བཟོ་རིག་པ་གཙོ་བོར་སྟོན་པ་ཤཱ་རིའི་བུས་མཛད་པའི་ཐིག་རྩ་ལྟ་བུ། གསོ་བ་རིག་པ་གཙོ་བོར་སྟོན་པ་སློབ་དཔོན་དཔའ་བོས་མཛད་པའི་སྨད་དཔྱད་ཡན་ལག་བརྒྱད་པ་ལྟ་བུ། སྒྲ་རིག་པ་གཙོ་བོར་སྟོན་པ་གཞོན་ནུ་ཀརྟི་ཀས་མཛད་པའི་སྒྲ་མདོ་ཀ་ལཱ་པ་དང་ཙནྡྲ་པ་ལྟ་བུ། གཏན་ཚིགས་རིག་པ་གཙོ་བོར་སྟོན་པ་ཚད་མ་སྡེ་བདུན་ལྟ་བུ། ནང་དོན་རིག་པ་གཙོ་བོར་སྟོན་པ་མངོན་རྟོགས་རྒྱན་ལྟ་བུ་རྣམས་སུ་ཡོད་པའི་ཕྱིར། རིགས་པའི་དབང་ཕྱུག་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སྐབས་དང་པོའི་སྤྱི་དོན་ལ་གཞི་བྱས་ཏེ་བཀོད།
|