9179

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིག་སྔགས
Tibetan Definition <བིདྱཱ> 1 ལྷ་དང་སྔགས་ལ་བརྟེན་ནས་རྣམ་དཔྱོད་དང་ནུས་མཐུ་རབ་ཏུ་རྒྱས་བྱེད་ཀྱི་ཐབས་ལམ་ཞིག་ལ་ཟེར། གསང་སྔགས་རིག་སྔགས་གཟུངས་སྔགས་གསུམ་གྱི་ཁྱད་པར་རགས་ཙམ་ཤེས་ན། རིག་སྔགས་ཀྱི་དོན་ཤེས་པ་ལ་ཕན་པས། དེ་གསུམ་གྱི་ཁྱད་པར་ནི། གསང་སྔགས་ཀྱིས་རང་གིས་བསྒྲུབ་རྒྱུའི་ལྷ་དེ་དགུག་པར་བྱེད། རིག་སྔགས་ཀྱིས་རིག་པ་ཁྱད་པར་ཅན་བསྐྱེད་པར་བྱེད། གཟུངས་སྔགས་ཀྱིས་གང་སྐྱེས་པའི་རིག་པ་དེ་ཉིད་མི་བརྗེད་པར་གཟུང་བར་བྱེད་པ་ཡིན་ནོ། །བྱེ་བྲག་རྟོགས་བྱེད་འབྲིང་པོའམ་སྒྲ་སྦྱོར་བམ་གཉིས་༼ ཅོ་པ ༽༡༥༤ན༣ ལས། བིདྱཱ་ཞེས་བྱ་བ་བིད་ཛྙཱ་ན་ཞེས་བྱ་སྟེ། མ་རིག་པའི་གཉེན་པར་གྱུར་པ་ལྷ་མོའི་གཟུགས་སུ་བཞུགས་པའི་མིང་སྟེ་རིག་སྔགས་ཞེས་བྱ། ཞེས་གསུངས་པ་འདིའི་དོན་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་ལས་ཀྱང་། རིག་སྔགས་ནི། བུད་མེད་ཀྱི་གཟུགས། དབྱིབས་ཀྱི་ལྷ། དེ་སྟོན་པའི་སྒྲ་དང༌། ཕྱག་རྒྱ་ལ་སོགས་པའོ། །དེ་ལས་བཟློག་པ་ནི་གསང་སྔགས་ཀྱི་མཚན་ཉིད་དོ། །ཞེས་ཀྱང་གསུངས་པ་སོགས་ཀྱི་དོན་ལ་དཔྱད་དགོས། རིག་སྔགས་ཀྱི་སྐད་དོད་ལ་བིདྱཱ་ཞེས་པ་ཙམ་ལས་སྔགས་ཞེས་པ་ཚིག་ལ་དངོས་སུ་མེད། སྤྱིར་བཏང་བིདྱཱ་ནི་རིག་པ་དང་། རིག་གནས་ཀྱི་དོན་ཡིན་ནོ། །2 གཞན་འཇོམས་པའི་སྔགས་སམ་ངན་སྔགས་ལྟ་བུ་ཞིག་ལ་གོ་སྟེ། དཔེར་ན་ཀླུ་འདུལ་བའི་རིག་སྔགས་དང་ཕྱི་རོལ་པའི་རིག་སྔགས་ཞེས་པ་ལྟ་བུ་དང༌། གཞན་ཡང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས། དེས་དབང་ཕྱུག་ཆེན་པོའི་རིག་སྔགས་བསྒྲུབས་ཏེ་ཀླུ་ཞིག་འདུལ་བར་བརྩམས་པ་ན་མ་ཐུལ་ནས་ཞེས་པ་ལྟ་བུ། 3 བདེན་པའི་མཐུ་གྲུབ་པ། ཐོབ་པ། ངོ་བོ་ཉིད་རིག་པ། ལོ་ཙཱ་བ་རོང་ཟོམ་ཆོས་བཟང་གི་གསུང་ལས། བིདྱཱ་ཞེས་པ་བིདྡྷཱ་དྷ་སྟེ། འཇོམས་ཤིང་སེལ་བ་ལ་བྱ་བས། མ་རིག་པའི་ཉོན་མོངས་པ་འཇོམས་ཤིང་སེལ་བ་ལ་བཤད། བིདྡྷཱ་མ་དྷི་ཐོབ་པ་ལ་བྱ་བས་ཕུན་སུམ་ཚོགས་པ་ཐོབ་པ་ལ་བྱ། ངག་གི་རིག་པ་ཐོབ་པ་ལ་ཡང་བྱ། ཡང་ན་བིདྱཱ་སྭ་བྷཱ་བ་སྟེ། ངོ་བོ་ཉིད་རིག་པ་ལ་བྱ་བ་དང༌། སྤྱིར་བདེན་པ་གྲུབ་པའི་དོན་དུ་ཡང་སྟོན་པས་རིག་སྔགས་ཞེས་བྱའོ། །བྱེད་ལས་ནི། མ་རྟོགས་པ་བཅོམ་ཞིང་བསལ་ཏེ་དངོས་པོའི་དོན་རིག་པར་བྱེད་དོ། །ཞེས་རོང་ཟོམ་ཆོས་བཟང་གི་གསུང་ཐོར་བུ་༩༩ན་གསལ།