From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| རིགས་པ་རྗེས་སུ་སྒྲུབ་པ
|
| Tibetan Definition
|
(འདུལ་བ) ཚུལ་མཐུན་གྱི་སྤྱོད་པ་རྗེས་སུ་སྒྲུབ་པའི་ཐབས་ཞེས་པའི་དོན་ཡིན། སྒྲ་བཤད་ནི། རིགས་པ་ནི་ཚུལ་མཐུན་ཙམ་གྱི་དོན་མིན་པར་ཚུལ་མཐུན་གྱི་སྤྱོད་པ་ལ་གོ་དགོས་ལ་དེ་རྗེས་སུ་སྒྲུབ་པ་ནི་དེ་སྒྲུབ་བྱེད་ཀྱི་ཐབས་སོ། །ཡང་ན་རྗེས་སུ་སྒྲུབ་པ་ཞེས་བྱ་བ་སྤྱོད་པ་ལའང་འཇུག་སྟེ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༥༡ བ༥ལས། སྤྱོད་པ་ཞེས་བྱ་བ་ནི་རྗེས་སུ་སྒྲུབ་པའོ། །ཞེས་དང་། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ཆོ་ག་ཞེས་བྱ་བ་ནི་བྲམ་ཟེ་ལ་རིགས་པའི་སྤྱོད་པ་ངང་ཚུལ་སྤྱོད་ཉིད་ཡིན་ཏེ། ཞེས་གསུངས་པ་ལྟར་རོ། །མཚོ་ཊཱིཀ་ལས། གལ་ཏེ་རང་བྱུང་དང་ཚུར་ཤོག་ལ་སོགས་པ་དེ་རྣམས་ཆོས་ཅན། སྔོན་གྱི་ཆོ་ག་མ་ཡིན་པར་ཐལ། ཆོ་ག་རང་མ་ཡིན་པའི་ཕྱིར་རོ་ཞེ་ན། རྟགས་མ་གྲུབ་སྟེ། ཚུར་ཤོག་ལ་སོགས་པ་དེ་རྣམས་ནི་ཆོ་ག་ཡིན་ཏེ། རྗེས་སུ་མཐུན་པའི་ཆོས་ཡིན་པའི་ཕྱིར་དང་། རིགས་པ་རྗེས་སུ་སྒྲུབ་པ་ཡིན་པའི་ཕྱིར་རོ་ཞེས་རེ་རེ་ནས་བརྗོད་དོ། །དེ་ཡང་ལུང་རྣམ་འབྱེད་ལས་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི། རྗེས་སུ་མཐུན་པའི་ཆོས་ཡིན་པའོ་ཞེས་གསུངས་ལ། རྣམ་འབྱེད་འགྲེལ་ལས། ཆོ་ག་ཞེས་བྱ་པ་ནི་རིགས་ (མི་རིགས་པ་རྗེས་སུ་བསྒྲུབ་པ་མ་ཡིན་གྱི) (རིགས་པ་ནི་ཚུལ་མཐུན་གྱི་སྤྱོད་པ་ལ་ཟེར་ལ) པ་རྗེས་སུ་སྒྲུབ་པ་ (དེ་སྒྲུབ་བྱེད་ཀྱི་ཐབས) ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །ཞེས་གསུངས།
|