9199

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས
Tibetan Definition མྱུ་གུ་ཆོས་ཅན། རང་བཞིན་གྱིས་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའི་རིགས་པ་ལ་ཟེར། འདི་ལ་རིགས་པའི་རྒྱལ་པོ་ཞེས་པའི་རྒྱུ་མཚན་ནི། ལྕང་སྐྱའི་གྲུབ་མཐར་གསུངས་པ་ལྟར། དཔེར་ན་བློན་པོ་རྣམས་ཀྱིས་བྱ་བ་ཆེ་ཆུང་གང་ལའང་ལྐོག་ཏུ་གྲོས་ཇི་ཙམ་བྱས་ཀྱང༌། མཐར་རྒྱལ་པོ་ལ་གཏུགས་ཏེ་ཐག་གཅོད་དགོས་པ་བཞིན་དུ། རིགས་པ་གཞན་རྣམས་ཀྱིས་དཔྱད་པ་ཅི་ཙམ་བྱས་ཀྱང་མཐར་རྟེན་འབྲེལ་ལ་གཏུགས་དགོས་པའི་གནད་ཀྱིས་ཡིན་པར་གསུངས་ལ། ཡང་རྗེ་གུང་ཐང་བསྟན་པའི་སྒྲོན་མེའི་རྗེའི་བསྟོད་པ་དོན་ལྡན་མའི་འགྲེལ་པ་ལས། མཐའ་གཉིས་ཅིག་ཅར་དུ་སེལ་བའི་རྒྱུ་མཚན་གྱིས་རིགས་པའི་རྒྱལ་པོ་ཞེས་བཏགས་པར་གསུངས་ཏེ། སྣང་བ་རྒྱུ་མཚན་དུ་བྱས་ཏེ་གདགས་གཞིའི་ངོས་ནས་མ་གྲུབ་པ་དང༌། རང་བཞིན་གྱིས་སྟོང་པ་རྒྱུ་མཚན་དུ་བྱས་ཏེ་སྣང་བ་ཅིར་ཡང་འཆར་རུང་བར་བསྒྲུབས་པས་མཐའ་གཉིས་སེལ་ཚུལ་འདི་ནི། གོང་དུ་སྨོས་པ་ལྟར། སྟོང་པ་ཞེས་པ་དང་རྟེན་འབྱུང་ཞེས་པ་དོན་གོ་ཚུལ་གཅིག་ཏུ་འབབ་པ་ལ་ཐུག་པས། གཏན་ཚིགས་འདི་ལ་མཐའ་གཉིས་ཅིག་ཅར་སེལ་བའི་རིགས་པའི་རྒྱལ་པོ་ཞེས་གསུངས་སོ། །ཞེས་གསུངས། རྗེའི་ལེགས་བཤད་སྙིང་པོ་ལས། ཐོག་མར་གང་ཟག་ལ་རྣམ་པ་བདུན་དུ་བཙལ་ནས་མི་རྙེད་པ་དང་རང་གི་ཕུང་པོ་ལ་བརྟེན་ནས་འདོགས་པ་འདི་གོ་སླ་བས་འཁྲིད་པའི་རིམ་པ་ཡང་དེ་བཞིན་ནོ། །འདི་ཡང་ཕུང་པོ་ལ་བརྟེན་ནས་བཏགས་པ་ཉིད་ཀྱིས་བདུན་པོ་དེར་གང་ཟག་མི་རྙེད་པ་དང་གང་ཟག་གི་བདག་མེད་ཀྱི་དོན་ཡིན་པས་རྟེན་འབྱུང་གི་རིགས་པ་ལ་ཐུག་གོ། ཞེས་གསུངས་པ་ནི་གོང་གི་ལྕང་སྐྱའི་གསུང་གི་ཁུངས་བཅོལ་ས་ཡིན་པར་སྣང་ངོ༌། །