9205

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིགས་བཞི
Tibetan Definition (འདུལ་བ) རྒྱ་གར་གྱི་རིགས་བཞི་ནི། ༡ བྲམ་ཟེའི་རིགས། ब्राह्मण Brāhmaṇa ༢ རྒྱལ་རིགས། क्षत्र, kṣatra ༣ རྗེའུ་རིགས། वैश्य vaiśya ༤ དམངས་རིགས་ शूद्र Śūdra དང་བཞིའོ། །ཧིནྡཱུའི་རིག་བྱེད་ཀློག་པ་དང་གཞན་ལ་སྟོན་པའི་མཁས་པའི་རིགས་རྣམས་ནི་བྲམ་ཟེ་དང་། རྒྱལ་ཁམས་སྲུང་ཞིང་སྐྱོང་བའི་རྒྱལ་པོ་དང་དཔའ་བོའི་རིགས་རྣམས་ནི་རྒྱལ་རིགས། ས་ཞིང་དང་ཕྱུགས་རིགས་འཚོ་སྐྱོང་བྱེད་པ་དང་ཚོང་པའི་རིགས་རྣམས་ནི་རྗེའུ་རིགས། གཞན་གྱི་ལས་གཡོག་བྱེད་པའི་རིགས་རྣམས་ནི་དམངས་རིགས་དང་བཞིའོ། །གཤམ་གྱི་ལུང་རྣམ་འབྱེད་ཀྱི་ཚིག་རིས་ལ་གཟིགས་ན་རིགས་བཞིའི་ཁྱད་པར་གསལ་པོ་གསུངས་ཡོད། དེ་ཡང་སྐྱོན་ནས་སྨྲ་བའི་ལྟུང་བྱེད་ཀྱི་སྐབས་ཀྱི་འདུལ་བ་ལུང་རྣམ་འབྱེད་༼ ཆ་པ ༽༢༩༤ན༤ལས། དགེ་སློང་གིས་མིའི་སྐྱོན་ནས་སྨྲ་བའི་བསམ་པས་བྲམ་ཟེ་ལས་རབ་ཏུ་བྱུང་བའི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད། བྲམ་ཟེའི་ཚུལ་ག་ལ་ཡོད། ཚེ་དང་ལྡན་པ་ནི་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་གྱིས་ཚེ་དང་ལྡན་པས་རང་གི་བཟོ་འདི་ལྟ་སྟེ། བྲམ་ཟེའི་སྤྱོད་ཚུལ་དང་། སྤྱོད་པ་དང་། གཙང་སྦྲ་དང་། ཀུན་ཏུ་སྤྱོད་པ་དང་། ཐལ་བ་བླང་བ་དང་། བྱ་མ་བུམ་བླང་བ་དང་། ས་བླང་བ་དང་ལག་སྟངས་དང་། ཐོར་ཚུགས་དང་། རབ་བསྔགས་བྱ་བ་དང་། ཀྱེ་ཞེས་བྱ་བ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན་བྱེད་པ་དང་། མཆོད་སྦྱིན་བྱེད་དུ་འཇུག་པ་དང་། ཀློག་པ་དང་། ཀློག་ཏུ་འཇུག་པ་དང་། སྦྱིན་པ་དང་། ལན་པ་དག་བསླབ་པར་བྱའོ་ཞེས་སྨྲས་ན་དགེ་སློང་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་དགེ་སློང་ལ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་མིའི་སྐྱོན་ནས་སྨྲ་བའི་བསམ་པས་རྒྱལ་རིགས་ལས་རབ་ཏུ་བྱུང་བའི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད། བྲམ་ཟེའི་ཚུལ་ག་ལ་ཡོད། ཚེ་དང་ལྡན་པ་ནི་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཡིན་གྱིས་ཚེ་དང་ལྡན་པས་རང་གི་བཟོ་འདི་ལྟ་སྟེ། གླང་པོ་ཆེའི་ཉར་བཞོན་པ་དང་། རྟ་ལ་བཞོན་པ་དང་། ཤིང་རྟའི་ཐབས་དང་། རལ་གྲིའི་ཐབས་དང་། འཕོང་དང་ཕྱིར་བསྣུར་བ་དང་། མདུན་དུ་བསྣུར་བ་དང་། ལྕགས་ཀྱུས་སྒྱུར་ཐབས་དང་། ཞགས་པ་གདབ་པ་དང་། མདའ་བོ་ཆེ་འཕེན་ཐབས་དང་། འཛིན་སྟངས་དང་གོམ་སྟངས་དང་། ཐོར་ཚུགས་དང་། གཅད་པ་དང་དྲལ་བ་དང་དབུག་པ་དང་། རྒྱང་ནས་ཕོག་པ་དང་། སྒྲ་གྲག་པར་ཕོག་པ་དང་། གནད་དུ་ཕོག་པ་དང་། མི་འཆོར་བར་ཕོག་པ་དང་། ཚབས་ཆེ་བ་དག་བསླབ་པར་བྱའོ་ཞེས་སྨྲས་ན་དགེ་སློང་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་མིའི་སྐྱོན་ནས་སྨྲ་བའི་བསམ་པས། རྗེའུ་རིགས་ལས་རབ་ཏུ་བྱུང་བའི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད། བྲམ་ཟེའི་ཚུལ་ག་ལ་ཡོད། ཚེ་དང་ལྡན་པ་ནི་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ཡིན་གྱིས། ཚེ་དང་ལྡན་པས་རང་གི་བཟོ་འདི་ལྟ་སྟེ། ཞིང་རྨོ་བ་དང་བ་ལང་སྲུང་བ་དང་། ཚོང་བྱ་བ་བསླབ་པར་བྱའོ་ཞེས་སྨྲས་ན་དགེ་སློང་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ།། དགེ་སློང་གིས་མིའི་སྐྱོན་ནས་སྨྲ་བའི་བསམ་པས། དམངས་རིགས་ལས་རབ་ཏུ་བྱུང་བའི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད། བྲམ་ཟེའི་ཚུལ་ག་ལ་ཡོད། ཚེ་དང་ལྡན་པ་ནི་དམངས་རིགས་ལས་རབ་ཏུ་བྱུང་བ་ཡིན་གྱིས། ཚེ་དང་ལྡན་པས་རང་གི་བཟོ་འདི་ལྟ་སྟེ། ཟོར་བ་དང་། ཕྲག་གདང་བསླབ་པར་བྱའོ་ཞེས་སྨྲས་ན་དགེ་སློང་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་སོ། །བོད་ཀྱི་རང་གཞུང་ངམ་བསྒྱུར་གཞུང་རྣམས་སུ་རྒྱལ་རིགས་སྔོན་དུ་གསུངས་ཀྱང་བྲམ་ཟེའི་རིགས་སྔོན་ལ་འོངས་དགོས་ཏེ། བྲམ་ཟེའི་རིགས་ནི་ལྷ་ཚངས་པའི་ཞལ་ནས་སྐྱེས་པར་གྲགས་པས་རྒྱ་གར་གྱི་རིགས་ཐམས་ཅད་ཀྱི་ནང་ནས་རྩེ་མོའམ་མཆོག་ཡིན་པར་འདོད་པའི་ཕྱིར་རོ། ། (བཞི་བརྒྱ་པའི་འགྲེལ་པ) སྐྱེ་བོའི་ཚོགས་ཀྱིས་སྲིད་བསྲུང་བ་ལ་བསྐོས་པ་ལྟར་ཁས་བླངས་པ་ལ་རྒྱལ་རིགས། དཀའ་ཐུབ་ཀྱི་ཕྱིར་གྲོང་ལས་ཡིད་ཕྱིར་ཕྱོགས་ཤིང་དབེན་པའི་གནས་བསྟེན་པ་དེ་དག་ལ་བྲམ་ཟེའི་རིགས། རྒྱལ་པོའི་བཀའ་བཞིན་བྱེད་པ་ལ་རྗེའུ་རིགས། ཞིང་རྨོ་བ་ལ་སོགས་པ་ལས་ངན་པ་ལ་སྦྱོར་བ་དག་ནི་དམངས་རིགས་ཞེས། རིགས་བཞི་པོ་རྣམས་བྱ་བའམ་འཚོ་ཐབས་མི་འདྲ་བའི་སྒོ་ནས་བཏགས་པར་གསུངས་སོ། །དཔལ་ལྡན་ཟླ་བའི་བཞི་བརྒྱ་པའི་འགྲེལ་པ་ལ་གཞི་བྱས་ཏེ་བཀོད། (མཆིམས་མཛོད) ཆོས་དང་ཚུལ་ཁྲིམས་ཀྱི་ཀུན་སྤྱོད་དང་ཤེས་རབ་ཀྱི་ཚུལ་ཀུན་ཏུ་སྤྱོད་པས་འཁོར་མགུ་བར་བྱེད་པས་རྒྱལ་པོ་དང་ཞིང་པ་རྣམས་ཀྱི་བདག་པོར་གྱུར་ཅིང་ཕོངས་པ་ལས་སྐྱོབ་པས་ན་རྒྱལ་རིགས་ཞེས་བྱ་སྟེ། ཞེས་དང་། གང་དག་འདོད་པ་ཆུང་ཞིང་ཁྱིམ་ལས་ཡིད་ཕྱིར་ཕྱོགས་ཏེ་དགོན་པ་དང་ནགས་སུ་གནས་པ་དེ་དག་ལ་ནི་བྲམ་ཟེ་དང་། རྐུ་བ་ལ་སོགས་པ་མི་བྱེད་པ་ལ་རྗེའུ་རིགས་དང་། བྱེད་པ་ལ་དམངས་རིགས་དང་གདོལ་བའི་རིགས་ཞེས་བྱ་བའི་མིང་དུ་གྱུར། ཞེས་མཆིམས་མཛོད་གསུང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་དུའང་དེ་དང་མཚུངས་པར་གསུངས། ཡང་དངུལ་ཆུའི་ཡིག་བསྐུར་རྣམ་གཞག་ལས། ས་ཆེན་ཆོས་བཞིན་སྐྱོང་བའི་རྒྱལ་རིགས། རིག་བྱེད་རྣམ་བཞིའི་སྒོ་བརྒྱ་འབྱེད་པའི་བྲམ་ཟེའི་རིགས། མཁོ་དགུའི་ཚོང་ཟོང་འགྲེམས་པའི་རྗེའུ་རིགས། ཕྱུགས་ཞིང་འཚོ་སྐྱོང་ལ་མཁས་པའི་དམངས་རིགས། ཞེས་གསུངས། ཕྱི་རོལ་པའི་རིག་བྱེད་ཀྱི་གཞུང་ནས། མི་རིགས་བཞི་པོ་དེ་དག་ལྷ་ཚངས་པ་ལས་བྱུང་བར་བཤད་དེ། དེ་ཡང་ཚངས་པའི་ཁ་ནས་བྲམ་ཟེ། དཔུང་པ་ལས་རྒྱལ་རིགས། བརླ་ལས་རྗེའུ་རིགས། རྐང་མཐིལ་ལས་དམངས་རིགས་བྱུང་བ་བཅས་སོ། །རིགས་བཞི་པོ་དེ་དག་ལ་མཆོག་དམན་གྱི་ཁྱད་པར་ཡོད་དེ། འདུལ་བ་ལུང་གཞི་གླེགས་བམ་༼ ཁ་པ ༽ལས། དེ་ལ་བྲམ་ཟེའི་རིགས་གང་དག་ཡིན་པ་དང༌། རྒྱལ་རིགས་གང་དག་ཡིན་པ་དེ་དག་ནི་འཇིག་རྟེན་གྱིས་མཐོན་པོར་བཀུར་བ་ཡིན་ནོ། །རྗེའུ་རིགས་གང་དག་ཡིན་པ་དང༌། དམངས་རིགས་གང་དག་ཡིན་པ་དེ་དག་ནི་འཇིག་རྟེན་གྱིས་དམའ་བར་བརྩིས་པ་ཡིན་ནོ། །ཞེས་གསུངས་སོ། །ཡང་རིགས་ལྔ་ཞེས་པའང་སྣང་སྟེ། རིགས་ལྔ་ཞེས་པའི་ཐད་དུ་གཟིགས།