9208

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིགས་ཚོགས་དྲུག
Tibetan Definition རྩ་བ་ཤེས་རབ། རྩོད་བཟློག སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག རིན་ཆེན་ཕྲེང་བ་དང་དྲུག་གོ། བུ་སྟོན་རིན་པོ་ཆེས། སྟོང་ཉིད་བདུན་ཅུ་པ། རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། རྩོད་པ་བཟློག་པ། ཞིབ་མོ་རྣམ་འཐག ཐ་སྙད་གྲུབ་པ་དང་དྲུག་ཏུ་བཞེད། ཡང་འགའ་ཞིག་གིས་ག་ལས་འཇིགས་མེད་བསྣན་ནས་དྲུག་ཏུ་བཞེད། (དོགས་གཅོད) དགེ་ལྡན་པའི་ཕྱོགས་ལ་རིགས་ཚོགས་དྲུག་གི་ཐ་སྙད་རླུང་ལྟར་གྲགས་ཀྱང༌། རྗེ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་གསེར་ཕྲེང༌། ལེགས་བཤད་སྙིང་པོ། འཇུག་པའི་ཊཱིཀ་ཆེན། ལམ་རིམ་ཆེ་ཆུང༌། སྔགས་རིམ་ཆེན་མོ། རིམ་ལྔ་གསལ་སྒྲོན་སོགས་སུ་ནི་རིགས་ཚོགས་དྲུག་གི་ཐ་སྙད་མ་མཐོང་ཞིང༌། ལྷག་པར་གསེར་ཕྲེང་ལས་ནི་རིགས་ཚོགས་དྲུག་གི་ཐ་སྙད་འགོག་པར་མཛད་དེ། དེ་ཉིད་ལས། དེ་ཡང་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་བསྒྲུབ་བྱ་བདེན་དངོས་དང་སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་གཉིས་ཀྱི་དབང་དུ་མཛད་ནས། དང་པོ་ལ་རང་གཞན་གྱི་སྡེ་པ་ཐུན་མོང་དུ་འགོག་པ་དབུ་མ་རྩ་བ། དེའི་རབ་བྱེད་དང་པོ་རྐྱེན་བརྟག་པ་ལས་འཕྲོས་པ་རྩོད་པ་བཟློག་པ། རབ་བྱེད་བདུན་པ་སྐྱེ་གནས་འཇིག་པ་བརྟག་པ་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ་པ། རང་སྡེ་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་པ་སྟེ་བཞི། སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པ་ཞིབ་མོ་རྣམ་འཐག་སྟེ་ལྔའོ། །འདི་ལ་ཁ་ཅིག་ཐ་སྙད་གྲུབ་པའམ་རིན་ཆེན་འཕྲེང་བའམ་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་གི་གྲངས་ངེས་འདོད་པ་དང༌། ཞེས་གསུངས་སོ། །འོ་ན་གསེར་ཕྲེང་གི་ལུང་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སྐབས་དང་པོའི་སྤྱི་དོན་དུ་དྲངས་པ་ན་འདུག་སྙམ་ན། དེ་ནི་ཡི་གེ་མ་དག་པ་ཡིན་ཏེ། གསེར་ཕྲེང་ལས། དངོས་བསྟན་སྟོང་ཉིད་ཀྱི་དོན་རིགས་ཚོགས་དང༌། ཞེས་པ་ཙམ་ལས་དྲུག་ཅེས་གསུངས་པ་མེད་དོ། །འོན་ཀྱང་རྗེའི་རྩ་ཤེ་ཊཱིཀ་ཆེན་དུ་རིགས་ཚོགས་དྲུག་གི་ཐ་སྙད་གསུངས་ཏེ། རྩ་ཊཱིཀ་ཆེན་མོ་༥ན༢ལས། རིགས་པས་བསྟན་པ་ནི་རྩ་བ་ཤེས་རབ་སྟོང་ཉིད་བདུན་ཅུ་པ་རྩོད་ཟློག་རིགས་པ་དྲུག་ཅུ་པ་ཞིབ་མོ་རྣམ་འཐག་རིན་ཆེན་ཕྲེང་བ་སྟེ་དྲུག་ཏུ་རིགས་པ་མང་པོས་གཏན་ལ་ཕབ་བོ། །ཞེས་གསུངས་སོ། །སྒྲ་བཤད་ནི། ཟབ་མོ་དབུ་མའི་དོན་རིགས་པ་མང་པོས་གཏན་ལ་ཕབ་པས་ན་རིགས་ཚོགས་ཀྱི་ཐ་སྙད་བྱེད་དོ། །ཀློང་རྡོལ་བླ་མའི་གསུམ་འབུམ་པོད་དང་པོ་༤༣༢ལས། རིགས་ཚོགས་ལྔའི་སྟེང་དུ། རིན་ཆེན་ཕྲེང་བ་སྟེ་རིགས་ཚོགས་དྲུག་གོ། ཞེས་རེས་མདའ་བ་དང་ཙོང་ཁ་པ་ཡབ་སྲས་ཀྱིས་བཞེད་དོ། །ཞེས་དང༌། ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་སྟོད་ཆ་༤༠༥ལས། ཁུ་ལོ་ཙཱ་བ་སོགས་སྔ་རབས་པ་རྣམས་རིགས་ཚོགས་ལྔའི་སྟེང་དུ་ཐ་སྙད་གྲུབ་པ་བསྣན་ནས་རིགས་ཚོགས་དྲུག་ཏུ་བཞེད་པ་ལ། རྗེ་རིན་པོ་ཆེ་སོགས་གཞུང་དེ་འདྲ་ཡོད་ན་ཚིག་གསལ་དུ་མ་དྲངས་པ་དང༌། འཕགས་པའི་དངོས་སློབ་རྣམས་ཀྱིས་དྲང་རིགས་པ་ལ་གང་དུའང་མ་དྲངས་པས་རིན་ཆེན་ཕྲེང་བ་བསྣན་ཏེ་རིགས་ཚོགས་དྲུག་ཡིན་གསུངས། ཞེས་གསུངས། རྗེ་དགེ་འདུན་གྲུབ་པའི་ཏཱའི་སི་ཏུ་རྣམ་རྒྱལ་གྲགས་པའི་དྲིས་ལན་ཤོག་གྲངས་༡༦བ་ན། རིགས་ཚོགས་དྲུག་ལ་དབུ་མ་རིན་ཆེན་ཕྲེང་བ་བགྲང་ལ། ཐ་སྙད་གྲུབ་པ་མི་བགྲང་བའི་རྒྱུ་མཚན་རྒྱས་པར་གསུངས་ཡོད་དོ། །