From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རིགས་རུས་ཆོ་འབྲང་གི་འབོད་མིང་སྐོར
|
Tibetan Definition
|
(འདུལ་བ) རིགས་རུས་ཆོ་འབྲང་མི་རབས་ལས། །ཕ་ཚན་མ་ཚན་གཉེན་འབྲེལ་སྐོར། །ས་ཁུལ་ཡུལ་ལུང་མི་གཅིག་པར། །རང་སྲོལ་འབོད་ཚུལ་མི་འདྲ་ཞིང༌། །མཁས་པ་སོ་སོའི་འགྲེལ་ཚུལ་ཡང༌། །དེ་བཞིན་མི་མཐུན་མང་ནའང༌། །ཅུང་ཟད་སྤྱི་ལ་ཁྱབ་པ་ཡི། །འབོད་མིང་མདོ་ཙམ་འགོད་པར་བྱ། །༼ ཕ་ཚན་སྐོར་གྱི་མིང ༽ རང་ནས་གོང་དུ་རིམ་པ་བཞིན། །རང་ནས་ཡར་དེད་མི་རབས་གསུམ། །ཕ་དང་ཨ་མྱེས་ཡང་མྱེས་ཟེར། །ཕ་ཡི་ཕུ་ནུ་ཨ་ཁུ་ཡིན། །ཕ་ཡི་སྲིང་མོར་ཨ་ནེ་དང༌། །དེ་ཡི་ཁྱོ་བར་ཨ་བང་ (བང་པོ) ཟེར། །ཨ་ཁུའི་རིགས་ཀྱི་བྱིས་པ་དང༌། །རང་གཉིས་བར་ལ་ཕ་སྤུན་ཟེར། །ཕ་ཡི་ཕ་ལ་ཨ་མྱེས་ (མེས་པོ) དང༌། །ཕ་ཡི་མ་ལ་ཨ་ཕྱི་ (མེས་མོ) ཟེར། །མེས་པོའི་ཕ་ནི་ཡང་མེས་དང༌། །མེས་པོའི་མ་ནི་ཡང་མྱེས་ཡིན། །དེ་རྣམས་རང་གི་ཕ་ཚན་ཡིན། །༼ མ་ཚན་སྐོར་གྱི་མིང ༽ མ་ཡི་ཕ་ལ་སྤོ་བོ་དང༌། །མ་ཡི་མ་ལ་རྨོ་མོ་ཟེར། །མ་ཡི་ཕུ་ནུར་ཞང་པོ་དང༌། །མ་སྤུན་མོ་གཅེན་མོ་དང་གཅུང་མོ ལ་ཨ་ནེ་སྟེ། །དེ་ཡི་ཁྱོ་བོར་བང་པོ་ཟེར། །མ་ཡི་སྤུན་གྱི་བྱིས་པ་དང༌། །རང་གཉིས་བར་ལ་མ་སྤུན་ཟེར། །དེ་རྣམས་རང་གི་མ་ཚན་ཡིན། །༼ སྤུན་མཆེད་ཤ་ཉེའི་སྐོར་གྱི་མིང ༽ རང་གི་གཡས་སུ་རིམ་པ་བཞིན། །མིང་པོ་གཅེན་གཅུང་སྲུ་མོ་སྟེ། །རང་ (མོ་ཡིན་ན་དེའི) སྤུན་ཕོ་ལ་མིང་པོ་ཟེར། །རང་ལས་ཆེ་བར་ཕུ་བོ་ (གཅེན་པོ) དང༌། །རང་ལས་ཆུང་བར་ནུ་བོ་ (གཅུང་བོ) ཟེར། །ཕུ་བོའི་ཆུང་མ་སྲུ་མོ་ཡིན། །ཕུ་དང་ནུ་བོའི་བྱིས་པ་ལ། །རང་གི་ཚ་བོ་ཚ་མོ་དང༌། །དེ་ཡི་བྱིས་པར་ཡང་ཚ་ཟེར། །རང་ནས་གཡོན་དུ་རིམ་པ་བཞིན། །སྲིང་མོ་ཨ་ཅེ་ནུ་མོ་སོགས། །རང (ཕོ་ཡིན་ན་དེའི) སྤུན་མོ་ལ་སྲིང་མོ་ཟེར། །རང་ལས་ཆེ་བ་ཨ་ཅེ་ (གཅེན་མོ) དང༌། །རང་ལས་ཆུང་བ་ནུ་མོ་ (གཅུང་མོ) ཡིན། །ནུ་མོའི་ཁྱོ་བོར་མག་པ་ཟེར། །ཨ་ཅེ་ནུ་མོའི་བྱིས་པ་ནི། །རང་གི་སྣག་ཚ་སྣག་མོ་ཡིན། །སྣག་ཚ་སྣག་མོའི་བྱིས་པ་ནི། །རང་གི་སྣག་གི་ཡང་ཚ་ཟེར། །དེ་རྣམས་སྤུན་མཆེད་ཤ་ཉེ་ཡིན། །༼ གཉེན་འབྲེལ་སྐོར་གྱི་མིང ༽ བཟའ་ཟླ་ཕོ་ལ་ཁྱོ་བོ་དང༌། །བཟའ་ཟླ་མོ་ལ་ཆུང་མ་ཟེར། །ཁྱོ་གའི་གཅེན་དང་གཅུང་བོ་ནི། །རང་གི་ཆུང་མའི་སྙིད་པོ་ཡིན། །ཁྱོ་གའི་ཨ་ཅེ་ནུ་མོ་ནི། །ཆུང་མའི་སྙིད་མོ་ཆེ་ཆུང་ཟེར། །དེ་བཞིན་ཆུང་མའི་མིང་སྲིང་ཡང༌། །ཁྱོ་གའི་སྙིད་པོ་སྙིད་མོ་ཡིན། །ཆུང་མའི་ཕུ་བོ་ནུ་བོ་ནི། །རང་གི་ཁྱོ་གའི་སྐུད་པོ་དང༌། །ཁྱོ་གའི་གཅེན་མོ་གཅུང་མོ་ནི། །རང་གི་ཆུང་མའི་སྐུད་མོ་ཡིན། །ཆུང་མའི་ཕ་དང་མ་གཉིས་ལ། །ཁྱོ་བོའི་གྱོས་པོ་གྱོས་མོ་ཟེར། །དེ་བཞིན་ཁྱོ་གའི་ཕ་མ་གཉིས། །ཆུང་མའི་སྒྱུག་པོ་སྒྱུག་མོ་ཟེར། །དེ་རྣམས་རང་གི་གཉེན་འབྲེལ་ཡིན། །༼ རིགས་རྒྱུད་སྐོར་གྱི་མིང ༽ རང་ནས་མར་ལ་རིམ་པ་བཞིན། །རང་གི་བྱིས་པར་བུ་བུ་མོ། །དེའི་འོག་ཚ་བོ་ཚ་མོ་དང༌། །དེ་ཡི་བྱིས་པ་ཡང་ཚ་ཡིན། ། ཡང་ཚའི་བྱིས་པར་གཞི་ཚ་ (གསུམ་ཚ) དང༌། །གཞི་ཚའི་བྱིས་པར་གོས་ཚ་ཟེར། །གོས་ཚའི་བྱིས་པར་གྲོས་ཚ་ཟེར། །དེ་རྣམས་རང་ནས་མར་དེད་པའི། །རང་གི་རིགས་རྒྱུད་མི་རབས་བདུན། །བུ་མོའི་ཁྱོ་བོར་མག་པ་དང༌། །བུ་ཡི་ཆུང་མར་མནའ་མ་ཟེར། །༼ ཐ་སྙད་ཐོར་བུའི་སྐོར ༽ གཞན་ཡང་ཕ་བུར་ཕ་སྤད་ (པད) དང༌། །མ་དང་བུ་མོར་མ་མད་ (སྨད) ཟེར། །རང་དང་མེས་པོར་མེས་དབོན་དང༌། །རང་དང་ཨ་ཁུ་ཁུ་དབོན་ཡིན། །རང་དང་ཞང་པོ་ཞང་དབོན་དང༌། །མ་དང་ཞང་པོ་མ་ཞང་ཡིན། །ཕ་རྒྱུད་གཉེན་ཚན་ཕ་ཚན་དང༌། །མ་རྒྱུད་གཉེན་ཚན་མ་ཚན་ཡིན། །རང་གི་མིང་སྲིང་སྤུན་མཆེད་དང༌། །རང་གི་བུ་ཚ་རིགས་རྒྱུད་ཡིན། །དེ་ལྟར་རིགས་རུས་ཆོ་འབྲང་གི། །འབོད་མིང་གསལ་བོར་མ་ཤེས་ན། །རང་མཚང་ཡིན་ལ་གཞན་གྱིས་འཕྱ། །དེ་ཕྱིར་མ་ནོར་ཤེས་པར་གྱིས། །ཕག་མོ་དོན་གྲུབ་ཀྱིས་བྲིས་པ་ལྟར་བཀོད།
|