923

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདམས་ངག་དང་མན་ངག་གི་ཁྱད་པར
Tibetan Definition ཐབས་ལམ་མ་ནོར་བར་སྟོན་པའི་ངག་ལ་གདམས་ངག་དང་། བདེ་བླག་ཏུ་རྟོགས་པའམ་ཐོབ་པའི་ཐབས་ལམ་སྟོན་པའི་ངག་ལ་མན་ངག་ཟེར། ཅུང་ཟད་སྤྲོས་ཏེ་བཤད་ན། གདམས་ངག་ནི། དོན་དུ་གཉེར་བྱའི་ཐབས་མ་ནོར་བར་སྟོན་པའི་ངག་ཅིག་ལ་ཟེར་ལ། མན་ངག་ནི། དོན་དུ་གཉེར་བྱའི་དོན་དེ་ཉིད་བདེ་བླག་ཏུ་ཐོབ་པའམ་རྟོགས་བྱེད་ཀྱི་ཐབས་ཤིག་ལ་ཟེར་རོ། །རྒྱུ་མཚན་དེ་འདྲ་ཞིག་ལ་དགོངས་ནས། རྗེ་བཙུན་མི་ལས་མཉམ་མེད་དྭགས་པོ་ལྷ་རྗེ་ལ། བཀའ་གདམས་པ་ལ་ཡང་གདམས་ངག་ཡོད་དེ། མན་ངག་མེད། ཅེས་གསུངས་ (དེ་སྐོར་དེབ་སྔོན་བསྟོད་ཆ་༥༤༣ན་གསལ) པ་ཡིན་ནོ། །དེ་ཡང་གདམས་ངག་ནི་ཉི་ཁྲི་རྣམ་འགྲེལ་ལས། དེ་ལ་དོན་དུ་གཉེར་བའི་དོན་ཐོབ་པའི་བྱ་བ་ཉེ་བར་སྟོན་པ་ནི་གདམས་པ་དང་རྗེས་སུ་བསྟན་པ་ཡིན་ཏེ། ཞེས་གསུངས། མན་ངག་ནི་རྗེ་གུང་ཐང་པའི་རྗེའི་བསྟོད་པ་དོན་ལྡན་མའི་འགྲེལ་པ་༢༢༠ལས། མན་ངག་གི་སྐད་དོད་ཨུ་པ་དེ་ཤ་ཞེས་པ་ཉེ་བར་རྟོགས་པར་བྱེད་པའམ། བདེ་བླག་ཏུ་རྟོགས་པར་བྱེད་པ་ཞེས་པ་ཡིན་པས། ཞེས་གསུངས་པ་ལྟར་རོ། །