9398

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོལ་མཚོ
Tibetan Definition ཀླུའི་རྒྱལ་པོ་རྣམ་ཁྲུས་བྱེད་ཅིང་རྩེད་མོ་རྩེ་བའི་མཚོ་ལ་རོལ་མཚོ་ཞེས་ཟེར་རོ། །རྒྱས་པར་བཤད་ན། མངོན་པ་མཛོད་ཀྱི་བཤད་ཚུལ་ལ་རིའི་རྒྱལ་པོ་རི་རབ་ཀྱི་མཐའ་སྐོར་དུ་གསེར་གྱི་རི་བདུན་ཡོད་ལ། རི་དེ་དག་གི་བར་བར་དུ་ཡན་ལག་གམ་ཡོན་ཏན་བརྒྱད་ལྡན་གྱི་ཆུས་གང་བའི་ཀླུ་རྣམས་རྩེ་ཞིང་རོལ་པའི་མཚོ་བདུན་ཡོད་པར་བཤད་པ་དེ་དག་ལ། རོལ་མཚོ་ཞེས་བྱའོ། །དོགས་གཅོད། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། རི་རབ་ཀྱི་མཐའ་སྐོར་གྱི་གསེར་གྱི་རི་བདུན་དང་སྤེལ་ནས་ཡོད་པར་གྲགས་པའི་མཚོ་དྲུག་གོ། ཞེས་མཚོ་དྲུག་ཅེས་པ་ནོར་བ་སྟེ། མཛོད་རྩ་འགྲེལ་རྣམས་སུ་རོལ་མཚོ་བདུན་ཞེས་གསལ་བར་གསུངས་པའི་ཕྱིར་ཏེ། མཛོད་རྩ་བ་ལས། དེ་དག་བར་བདུན་རོལ་མཚོ་ཡིན། །ཞེས་དང་། དེའི་རང་འགྲེལ་ལས་ཀྱང་། མུ་ཁྱུད་འཛིན་ལ་ཐུག་པའི་རི་དེ་དག་གི་བར་བདུན་ནི་རོལ་མཚོ་བདུན་ཞེས་བྱ་སྟེ། ཞེས་གསུངས་པའི་ཕྱིར་རོ། །