9477

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་ཆེར་འགྲེལ་པ
Tibetan Definition (འདུལ་བ) མཚོ་ཊཱིཀ་སོགས་འདུལ་བའི་གཞུང་རྣམས་སུ་རྒྱ་ཆེར་འགྲེལ་པ་ཞེས་འབྱུང་བ་འོག་ཏུ་བཤད་པའི་རྒྱ་ཆེར་འགྲེལ་པ་བཞི་པོ་གང་རུང་ལ་ཟེར་བ་ཡིན་ནོ། །1 <པྲ་ཏི་མོཀྵ་བིནཡ་སཱུ་ཏྲ་ཊཱིཀ་བིནཡ་སམུཙྪཡ> སོ་ཐར་གྱི་མདོའི་རྒྱ་ཆེར་འགྲེལ་པ་གླེགས་བམ་གསུམ་གྱི་བདག་ཉིད་ཅན། སློབ་དཔོན་དྲི་མེད་བཤེས་གཉེན་གྱིས་མཛད་པ། སྡེ་དགེ་བསྟན་འགྱུར་༼ པུ ༽༼ ཕུ ༽༼ བུ ༽ན་བཞུགས་སོ། །འདིའི་མཚན་དངོས་ནི། སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། ཞེས་བྱའོ། ། 2 <བིནཡ་སཱུ་ཏྲ་ཊཱིཀ> འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་གླེགས་བམ་གཉིས་ཀྱི་བདག་ཉིད་ཅན། སློབ་དཔོན་ཆོས་བཤེས་ཀྱིས་མཛད་པ། སྡེ་དགེ་བསྟན་འགྱུར་༼ འུ ༽༼ ཡུ ༽གཉིས་ན་བཞུགས་སོ། ། (དོགས་གཅོད། མཚོ་ཊཱིཀ་སྟོད་ཆའི་མཇུག་ཏུ། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་རྒྱ་ཆེར་འགྲེལ་པ་ཆེ་ཆུང་གཉིས། ཞེས་འབྱུང་ཡང་། དེས་མཛད་པའི་མཛད་པའི་རྒྱ་ཆེར་འགྲེལ་ཆུང་བ་ཞིག་མཐོང་རྒྱུ་མི་འདུག་ཅིང་། མ་ཟད་ཆུང་བ་གསུང་བཞིན་དུ་རྒྱ་ཆེར་ཞེས་གསུངས་ན་ཚིག་ལའང་སྐྱོན་ཞུགས་ཤིང་འགལ་བ་ཡིན་ནོ།། གང་ལྟར་དེ་འདྲའི་འགྲེལ་པ་ཆུང་བ་དེ་གང་ལ་ངོས་གཟུང་རྒྱུ་ཡིན་སྨྲོས་ཤིག གཞན་ཡང་། འདི་ལའང་རྒྱ་གར་སྐད་དུ། བིནཡ་སཱུ་ཏྲ་ཊཱིཀ། བོད་སྐད་དུ། འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ། ཞེས་འབྱུང་ཡང་། རྒྱ་སྐད་ལ་ནི་རྒྱ་ཆེར་འགྲེལ་པ་ཞེས་པའི་ཚིག་མི་སྣང་ཞིང་། བསྟན་བཅོས་གཞན་ལའང་བོད་སྐད་ལ་རྒྱ་ཆེར་འགྲེལ་ཞེས་འབྱུང་ཡང་ལེགས་སྦྱར་ལ་མི་འབྱུང་ངོ)  3 <བིནཡ་བསྟུ་ཊཱིཀ> ལུང་གཞིའི་རྒྱ་ཆེར་འགྲེལ་པ་གླེགས་བམ་གཅིག་གི་བདག་ཉིད་ཅན། སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པ། སྡེ་དགེ་བསྟན་འགྱུར་༼ ཙུ ༽ན་བཞུགས་སོ། ། 4 <བིནཡ་ཀ་པྲཤྣ་ཊཱིཀ> འདུལ་བ་དྲི་བའི་རྒྱ་ཆེར་འགྲེལ་པ་གླེགས་བམ་གཅིག་གི་བདག་ཉིད་ཅན། སློབ་དཔོན་ཀཱ་ལྱཱ་ཎ་མི་ཏྲས་མཛད་པ་བཅས་སོ། །སྡེ་དགེ་བསྟན་འགྱུར་༼ སུ ༽ན་བཞུགས་སོ། །